ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> ནང་བསྟན། >> བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག་ཕན་བདེའི་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།

བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་ཁྲིད་ཡིག་ཕན་བདེའི་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དཀོན་མཆོག་བསྟན་པའི་སྒྲོན་མེ།] [ཟླ་ཚེས། 12-01-01] [ཀློག་གྲངས། ]

                                                ༄༅། ། ན་མོ་གུ་རུ་རཏྣ་ཏྲ་ཡཱ་ལ། 
                                                         མཁྱེན་དང་བརྩེ་བ་འཕྲིན་ལས་ཕུན་ཚོགས་སྟོན་པ་མཉམ་མེད་རྫོགས་སངས་རྒྱས། ། 
                                                         ལུང་དང་རྟོགས་པའི་བསྟན་པ་རིན་ཆེན་སྲིད་ཞིའི་གདུང་སེལ་དམ་པའི་ཆོས། ། 
                                                         རིག་དང་གྲོལ་བའི་ཡོན་ཏན་བརྒྱད་ལྡན་འཕགས་པ་ཕྱིར་མི་ལྡོག་པའི་ཚོགས། ། 
                                                         ལུས་དང་ངག་ཡིད་གུས་པས་མཆོད་དོ་འབྲལ་མེད་བྱང་ཆུབ་བར་དུ་སྐྱོངས། ། 
          གང་ལ་བརྟེན་ན་ནམ་ཡང་མི་སླུ་བའི། ། སྐྱབས་ཀྱི་དམ་པ་མཆོག་གསུམ་དབང་གི་རྒྱལ། །དད་པའི་རྒྱལ་མཚན་རྩེ་མོར་ལེགས་མཆོད་ནས། ། དངོས་གྲུབ་གྲུ་ཆར་འབེབས་རྣམས་སྐལ་བ་བཟང་། ། དེ་སླད་མོས་བརྩོན་དགེ་བའི་བློ་གྲོས་ཀྱི། ། བགྲོད་པ་མི་དམན་ཞི་བའི་མགྲོན་རྣམས་ལ། ། ཕན་བདེའི་ལམ་བཟང་འཇུག་ངོགས་གསལ་བའི་ཕྱིར། ། ལེགས་བཤད་གཏམ་གྱི་སྒྲོན་མེ་སྦར་བར་བྱ། ། དེའང་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཞལ་ནས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག ། འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། ། རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དངའདྲ། ། ཚུལ་འདི་བསམ་ནས་འཇིག་རྟེན་བྱ་བ་ཀུན། ། སྤུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། ། ཉིན་མཚན་ཀུན་ཏུསྙིང་པོ་ལེན་པ་དགོས། ། ཞེས་གསུངས་པ་ལྟར། དལ་འབྱོར་ཚང་བའི་རྟེན་བཟང་འདི་ལྟ་བུ་ནི་རྒྱུད་པ་ངོ་བོ་གང་གི་སྒོ་ནས་བསམས་ཀྱང་རྙེད་ཚུལ་མི་སྲིད་པ་ཙམ་དུ་དཀོན་ལ། དོན་ཤིན་ཏུ་ཆེ་སྟེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་ཀྱང་ཚེ་འདིར་དབུལ་བ་སེལ་བ་ཙམ་མ་གཏོགས་ཕྱི་མར་ཕན་པ་ཅུང་ཟད་ཀྱང་མི་ནུས་ལ། རྟེན་འདིའི་སྟེང་ནས་རང་གིས་འབད་ཐུབ་ན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཡང་ཚེ་གཅིག་ཉིད་ལ་འགྲུབ་པས་གཏན་གྱི་བདེ་སྐྱིད་མཐའ་དག་བསྒྲུབ་ནུས་སོ། ། རྙེད་དཀའ་དོན་ཆེ་བའི་རྟེན་བཟང་བླ་མ་མཆོག་གསུམ་གྱི་ཐུགས་རྗེར་ལན་གཅིག་ཐོབ་པ་འདིའང་འགལ་རྐྱེན་དུ་འཛིངས་པ་རླུང་དམར་ནང་གི་མར་མེ་བཞིན་ནམ་འཆི་ཆ་མེད་པས་མྱུར་བ་མྱུར་བར་གཏན་དུ་ཕན་ངེས་ཀྱི་སྙིང་པོ་ཞིག་ལེན་དགོས་ལ། ཚེ་འདིའི་ཟས་ནོར་ལོངས་སྤྱོད་མངའ་ཐང་སྙན་གྲགས་སོགས་ཅི་ཙམ་རྒྱས་ཀྱང་འཆི་བའི་ཚེ་རྨི་ལམ་གྱི་དགའ་སྟོན་ལྟར་དྲན་པའི་ཡུལ་དུ་བཞག་ནས་འགྲོ་བ་མ་གཏོགས་སྙིང་པོ་ཅིའང་མེད་པ་ནས་ཀྱི་སྤུན་པ་ལོ་བརྒྱར་ཕྱར་ཡང་ནང་ན་སྙིང་པོ་ལེན་རྒྱུ་མེད་པ་དང་འདྲ། དེའི་ཚེ་ཕན་ངེས་པ་དེ་གང་ཡིན་ན་སྤྱོད་འཇུག་ལས། བསྐལ་བ་དུ་མར་རབ་དགོངས་མཛད་པ་ཡི། ། ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། ། ཞེས་གསུངས་པ་ལྟར། སྟོན་པ་ཐུགས་རྗེ་ཅན་དེས་རང་ཅག་གི་དོན་དུ་དང་པོར་ཐུགས་བསྐྱེད། བར་དུ་བྱ་དཀའ་བའི་སྤྱོད་པ་དཔག་ཏུ་མེད་པ་སྤྱད། མཐར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་མཛད་དེ་མ་བུ་གཅིག་པ་ལྟ་བུའི་བརྩེ་བ་ཆེན་པོའི་སྒོ་ནས་སྟོན་པར་མཛད་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་གཉིས་མ་གཏོགས་གཞན་མེད་པས་དེ་ལ་ངེས་པར་འཇུག་དགོས། དེར་འཇུག་ཚུལ་ཡང་རང་གིས་གང་འདོད་བྱས་པས་མི་ཆོག་བར་ཆོས་ཀྱི་སརྒ་མ་ལོག་པ་ཞེས་འཇུག་སྒོ་མ་ནོར་བ་ཞིག་ནས་ཚུལ་བཞིན་དུ་འཇུག་དགོས། ། དེའང་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། དང་པོ་བསྟན་དང་ཐེག་ཆེན་ལ། ། འཇུག་པའི་སྒོ་དང་གཞུང་ཤིང་ཕྱིར། ། ཁ་ཙམ་ཚིག་ཙམ་མ་ཡིན་པའི། ། སྐྱབས་འགྲོ་སེམས་བསྐྱེད་ནན་ཏན་བྱ། ། ཞེས་སོགས་ལྟར་བསྟན་པ་སྤྱིའི་འཇུག་སྒོ་སྐྱབས་འགྲོ ། ཐེག་ཆེན་ཐུན་མོང་བའི་འཇུག་སྒོ་སེམས་བསྐྱེད། ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་འཇུག་སྒོ་དབང་ཡིན་པར་གསུངས་པས། ། ཐོག་མ་ཁོ་ནར་རྒྱལ་བའི་བསྟན་པ་ལ་འཇུག་པའི་སྒོ་གཅིག་པུ་ཕན་བདེ་ལེགས་ཚོགས་མ་ལུས་པའི་འབྱུང་གནས་སྐྱབས་འགྲོ་རྣམ་པར་དག་པའི་རྨང་གཞི་ཟིན་པ་ཞིག་བྱེད་དགོས་སོ། །
     དེས་ན་འདི་ལ་བཞི་༡སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན། ༢སྐྱབས་སུ་འགྲོ་བའི་ཚུལ། ༣སྐྱབས་སུ་སོང་བའི་ཕན་ཡོན། ༤སྐྱབས་འགྲོའི་བསླབ་བྱའོ། །
   དང་པོ་ནི། བདག་དང་མ་རྒན་སེམས་ཅན་དེ་དག་ཐམས་ཅད་དུས་ཐོག་མ་མེད་པ་ཞིག་ནས་ད་ལྟའི་བར་དུ་སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གསུམ་ལ་གཏན་གྱི་སྡོད་གནས་སུ་བྱས་ཏེ་ཡུན་རིང་ལ་ཤུགས་དྲག་པའི་སྡུག་བསྔལ་བསམ་ལས་འདས་པ་ཞིག་མྱོང་འདུག་ཏུ་ཟིན་ཀྱང་ད་དུང་གཉེན་པོས་བཅན་ཆོད་ཅིག་མ་བྱུང་ན། མྱང་པས་སྡུག་བསྔལ་གྱི་གཏེང་དང་མཐར་ཐོན་པ་ཞིག་ཡོད་མི་སྲིད་པར་འདུག ། ད་རེས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་དུས་འདིར་རང་གིས་རང་མ་བསླུས་པ་བྱས་ཏེ་འཁོར་བའི་སྡུག་བསྔལ་ཐམས་ཅད་སྤངས་པའི་ཐར་པ་མཆོག་བླ་མ་སངས་རྒྱས་ཀྱི་གོ་འཕང་ཞིག་ཐོབ་པར་མ་བྱས་ན་ཟངས་རྦབ་རི་རྐེད་ནས་འགྲིལ་པ་བཞིན་འདི་ནས་རྡོག་སྣ་ཞིག་འདྲེད་དེ་སླར་ངན་སོང་གི་གཏིང་དུ་ལྷུང་ཕྱིན། དེ་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ལྟ་ཞོག་བདེ་འགྲོའི་སྒྲ་ཙམ་ཡང་བསྐལ་པ་མུ་མཐའ་ཡས་པར་ཐོས་དཀའ་བའི་སྡུག་བསྔལ་གྱི་གཡངས་བ་བརྒྱུད་མ་་ནས་བརྒྱུད་མང་ལྷུང་ངེས་ཏེ་རྒྱས་སྲས་ཞི་བ་ལྷས། དེ་ལྟའི་དགེ་བ་ཉམ་ཆུང་ཉིད་ལ་རྟག ། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །ཞེས་གསུངས་པ་བཞིན། རང་ཅག་རྣམས་དགེ་བ་གང་བྱས་ཤུགས་ཆུང་ལ། སྡིག་པ་གང་བྱས་ཤུགས་ཆེ་ཞིང་ཡན་ལག་མ་ཚང་བ་མེད་ལགས་ཀྱང་ཤིན་ཏུ་མང་བས། རྒྱུ་དེ་ལ་དཔག་ན་ཕྱི་མའི་འགྲོ་ས་བོན་སོང་ལས་མ་འདས་པ་ནི། བཞི་བརྒྱ་པ་ལས། ཕལ་མོ་ཆེར་ནི་མི་རྣམས་ནི། ། དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། ། དེས་ན་སོ་སོ་སྐྱེ་བོ་རྣམས། ། ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། ། ཞེས་གསུངས་པ་ལྟར་རོ། ། དེར་སྐྱེས་ན་གཞན་དབང་ཁོ་ནར་སོང་སྟེ་ཐར་མི་ཐུབ་པའི་ཚུལ་ཡང་དཔལ་ལྡན་ཟླ་བས། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ། ། གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། ། གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བ། ། དེ་ལས་ཕྱི་ནས་གང་གིས་སློང་བར་འགྱུར། ། ཞེསགསུངས་པ་བཞིན་ཏེ། དེའི་ཚེ་སངས་རྒྱས་བྱང་སེམས་རྣམས་ཀྱིས་བརྩེ་བས་གཟིགས་ཀྱང་རང་གི་ལས་ཀྱིས་བསྒྲིབས་པས་སྐྱོབ་ཐབས་དང་བྲལ་ཞིང་སྐྱབས་ཀྱི་སྣང་བ་མི་འཆར་བར་སྡུག་བསྔལ་དང་འཇིགས་སྐྲག་གི་སྣང་བ་འབའ་ཞིག་ཤར་ཏེ་བྱ་ཐབས་དང་བྲལ་བའི་ཚུལ། ། སྤྱོད་འཇུག་ལས། སུ་ཞིག་འཇིགས་ཆེན་འདི་ལས་བདག ། ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། ། བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དགའ་འཚོལ་བརབྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། ། དེ་ནས་ཀུན་ཏུ་ཡི་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་ཡིན་ན། ། དེ་ཚེ་བདག་གིས་ཇི་ལྟར་བྱ། ། དེ་བས་རྒྱལ་བ་འགྲོ་བའི་མགོན། ། འགྲོ་བ་སྐྱོབས་པའི་དོན་བརྩོན་པ། ། སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། ། དེ་རིང་ཉིད་ནས་སྐྱབས་སུ་མཆི།། ཞེས་གསུངས་པ་ལྟརཡིན་པས། ད་ལྟ་བདེ་འགྲོ་ངན་འགྲོ་གཉིས་ཀྱི་སོ་མཚམས། ཁེ་ཉེན་སྐྱིད་སྡུག་ཀུན་གྱི་འདམ་ཁ་རང་ལག་ན་ཡོད་པའི་དུས་འདིར་བློ་བདེ་བའི་གདེང་ཐོབ་པ་ཞིག་བྱེད་དགོས། དེའང་རང་སྟོབས་ཀྱི་ནུས་པ་ཅིའང་མེད་པས་ལྷ་དཀོན་མཆོག་གསུམ་གྱི་ཞབས་ལ་འཇུས་ནས་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཁྱེད་མཁྱེན་སྙམ་དུ་བློ་འགེལ་དགོས་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོས། གཏིང་མཐའ་མེད་པའི་འཁོར་བ་ནི། །རྒྱ་མཚོའི་ནང་ན་རྣམ་པར་གནས། ། འདོད་ཆགས་ལ་སོགས་མི་བཟད་པའི། ། ཆུ་སྲིན་གྱིས་ནི་ལུས་ཐོས་པས། ། དེ་རིང་གང་ལ་སྐྱབས་སུ་མཆི། ། ཞེས་དྲི་བའི་ཚུལ་གྱིས་གསུངས་ལ། ལན་དུ་སློབདཔོན་དཔའ་བོས། གང་ཞིག་ལ་ནི་ཉེས་པ་ཀུན། ། གཏན་ནས་ཡོང་ཡེ་མི་མངའ་ཞིང་། ། གང་ལ་རྣམ་པ་ཐམས་ཅད་དུ། ། ཡོན་ཏན་ཐམས་ཅད་གནས་གྱུར་པ། ། གལ་ཏེ་སེམས་ཤིག་ཡོད་ན་ནི། ། དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། ། དེ་བསྟོད་དེ་ནི་བཀུར་བ་དང་། ། དེ་ཡི་བསྟན་ལ་གནས་པའི་རིགས། །ཞེས་རང་ལ་སེམས་ཤིག་ཡོད་ན་སངས་རྒྱས་བཅོམ་ལྡན་འདས་དང་།དེས་བསྟན་པའི་ཆོས། དེ་སྒྲུབ་པའི་དགེ་འདུན་རྣམས་ལ་སྐྱབས་སུ་འགྲོ་དགོས་པར་གསུངས་སོ། །
      གཉིས་པ་སྐྱབས་སུ་འགྲོ་བའི་ཚུལ་ལ་གསུམ། (༡)གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ངོས་བཟུང་བ། (༢)དེ་ལ་སྐྱབས་སུ་འགྲོ་བའི་དོན་གཏན་ལ་དབབ་པ། (༣)དེ་ཇི་ལྟར་ལག་ཏུ་ལེན་པའི་ཚུལ་དངོས་སོ། ། (༡)དང་པོ་ནི། སྤྱིར་འཇིགས་པ་སྣ་རེ་སེལ་བ་ལ་སངས་རྒྱས་བྱང་སེམས་དང་ཉན་ཐོས་ཀྱི་གང་ཟག་རེ་རེ་ཙམ་ལ་སྐྱབས་སུ་སོང་བས་ཆོག་པ་རྒྱ་མཚོར་ཚོང་པ་མང་པོ་གང་པོ་ལ་སྐྱབས་སུ་སོང་བས་འཇིགས་པ་ལས་ཐར་པ་ལྟ་བུའི་ལོ་རྒྱུས་དུ་མ་ཡོད་པ་ལྟར་ཡིན་ཀྱང་། ཐར་པའི་གོ་འཕང་སྒྲུབ་པ་ལ་སྐྱབས་དཀོན་མཆོག་གསུམ་ག་ངེས་པར་ཚང་དགོས་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། ། ཐར་པ་འདོད་པ་རྣམས་ཀྱི་སྐྱབས། ། ཞེས་དང་། དཔེ་ཆོས་འགྲེལ་པ་ལས། རྒྱ་གར་དུ་འགྲོ་བ་ལ་རང་དང་འདྲ་བའི་མི་གསུམ་དགོས་ཟེར་བ་ལྟར། འོ་སྐོལ་ཐར་པའི་བྱང་ཆུབ་འཚོལ་བ་ལ་སྟོན་པ་སངས་རྒྱས་ལ་བརྟེན་དགོས། ལམ་བསྟན་པའི་ཆོས་ལ་བརྟེན་དགོས། དེ་སྒྲུབ་པའི་གྲོགས་དགེ་འདུན་ལ་བརྟེན་དགོས། ཞེས་གསུངས་ཤིང་། དཔེར་ན་ནད་གསོ་བ་ལ་སྨན་དང་སྨན་པ་ནད་གཡོག་གསུམ་གང་རུང་རེ་ཡོད་པས་མི་ཆོག་པར་གསུམ་ག་ཚང་དགོས་པ་ལྟར། ཉོན་མོངས་པའི་ནད་ཞི་བའི་ཐར་པའི་གོ་འཕང་འཐོབ་པ་ལ། ཐབས་དེ་སྟོན་པའི་སངས་རྒྱས། ཐབས་དངོས་གཞི་ཆོས། དེ་སྒྲུབ་པའི་གྲོགས་དགེ་འདུན་གསུམ་ག་ཚང་དགོས་སོ། ། སྐྱབས་གསུམ་སོ་སོའི་ངོ་བོ་ནི་རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ།། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། ། མཁྱེན་དང་བརྩེ་དང་ནུས་པར་ལྡན། ། དོན་གཉིས་ལྡན་པའི་སངས་རྒྱས་ཉིད། ། ཅེས་རང་དོན་གཞན་དོན་གྱི་ཡོན་ཏན་བརྒྱད་དང་། བསམ་མེད་གཉིས་མེད་རྟོགས་མེད་པ། ། དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། ། གང་ཞིག་གང་གི་ཆགས་བྲལ་བ། ། བདེན་གཉིས་མཚན་ཉིད་ཅན་དེ་ཆོས། ། ཞེས་འགོག་ལམ་གྱི་ཡོན་ཏན་བརྒྱད་དང་།ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། ། བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། ། བླ་མེད་ཡོན་ཏན་དང་ལྡན་ཉིད། ། ཅེས་རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་སྒོ་ནས་རིམ་བཞིན་སོ་སོའི་ངོ་བོ་ལེགས་པར་ངོས་ཟིན་པ་དགོས་ཀྱི ། རྟེན་གྲལ་དུ་བཞུགས་པའི་གསེར་སྐུ་ལྟ་བུར་གོ་བའམ། མི་མངོན་ནམ་མཁའི་དབྱིངས་ན་བཞུགས་ཡོདཟེར་བ་ལྟ་བུས་གར་ཡང་མི་ཕྱིན་ཞེས་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་གསུངས་སོ། ། འོན་ཀྱང་སོ་སོར་སྤྲོས་ན་མང་དོགས་པས་རྒྱུད་བླའི་འགྲེལ་པ་རྣམས་སུ་ཤེས་པར་བྱའོ། །
   (༢)གཉིས་པ་སྐྱབས་འགྲོའི་དོན་གཏན་ལ་དབབ་པ་ནི། དེའང་སྐྱབས་འགྲོའི་ཚིག་བཀླགས་པ་ཙམ་ལ་སྐྱབས་འགྲོར་མི་འཇོག་གི ། སྐྱབས་འགྲོའི་ངོ་བོ་ནི་པཎ་ཆེན་ཐམས་ཅད་མཁྱེན་པའི་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་ལས། སྐྱབས་འགྲོའི་ངོ་བོ་ཨི་ཐི་བ། །བདག་ཉིད་ལྷག་པར་འཇིགས་པ་དང་། །དཀོན་མཆོག་སྐྱོབ་པའི་ནུས་ལྡན་དུ། །ཤེས་ལས་བྱུང་བའི་སྐྱབས་འགྲོ་ལ། ། ཐམས་ཅད་མཁྱེན་པ་ཁྱོད་ཉིད་བཞེད། །ཅེས་གསུངས་ཏེ། རང་སྡུག་བསྔལ་གྱིས་འཇིགས་པ་ནི་སྐྱབསའགྲོ་གནད་དུ་འགྲོ་བའི་རྒྱུའི་དབང་དུ་བྱས་པ་ཡིན་གྱི། སྐྱབས་འགྲོའི་ངོ་བོ་དངོས་གཞི་དཀོན་མཆོག་གསུམ་གྱི་ཡོན་ཏན་ལེགས་པར་ཤེས་ནས་ཡིད་ཆེས་ཀྱི་ཤེས་རབ་དང་དད་བ་སོགས་ལ་འཇོག་དགོས་པའི་ཚུལ། ཀུན་མཁྱེན་འཇམ་དབྱངས་བཞད་པས། དཀོན་མཆོག་གསུམ་གྱི་ཁྱད་པར་དང་ཡོན་ཏན་ཤེས་པ་དང་ཁས་བླང་སོགས་ཀྱིས་བསྡུས་པའི་ཤེས་རབ་གཙོ་འཁོར་ཅི་རིགས་དེ་སྐྱབས་འགྲོའི་ངོ་བོ་ཡིན། ཞེས་གསུངས་ལ། ལམ་རིན་ཆེན་མོ་ལས་ཀྱང་། ཇི་ཙམ་གྱིས་སྐྱབས་སུ་སོང་བའི་ཚུལ་ནི། བསྡུ་བ་ནས་གསུངས་པ་བཞི་སྟེ། ཡོན་ཏན་ཤེས་པ་དང་། ཁྱད་པར་ཤེས་པ་དང་། ཁས་བླངས་པ་དང་། གཞན་དུ་མི་སྨྲ་བས་སྐྱབས་སུ་སོང་བའོ།། ཞེས་གསུངས་པ་ལྟར་རོ། ། དེས་ན་དེ་རྣམས་ཀྱི་དོན་ཅུང་ཟད་བསྡུས་ཏེ་བརྗོད་པ་ལ་བཞི་ལས། དང་པོ་སངས་རྒྱས་ཀྱི་ཡོན་ཏན་ནི་སྐུ་མཚན་དཔེས་སྤྲས་ཤིང་མཐོང་ན་མི་མཐུན་པ་མེད་པ་སྟེ། དཔེ་ལ་བསྟོད་པ་ལས། ཁྱོད་སྐུ་མཚན་གྱིས་སྤྲས་གྱུར་པ། ། མཛེས་གྱུར་མིག་གི་བདུད་རྩི་ནི། ། སྤྲིན་མེད་སྟོན་གྱི་ནམ་མཁའ་ལ། ། སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ། ། ཞེས་སོགས་ལྟར་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་། ཉོན་མོངས་མེད་པ་དང་སྨོན་གནས་མཁྱེན་པའི་བྱེད་པ་མངོན་རྟོགས་རྒྱན་ལས་གསུངས་པ་བཞིན་སྐུ་མཐོང་བ་ཙམ་གྱིས་ཉོན་མོངས་ཞི་ཞིང་ཐར་པའི་ས་བོན་བསྐྲུན་བ་སྟེ། མདོ་ལས་ཀྱང་། ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བས་ན་མཐོང་བས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། ། ཐོས་པ་དང་རེག་པས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། ། ཞེས་གསུངས་ཤིང་། རྒྱུའི་དབང་དུ་བྱས་ན་མདོ་སྡེ་བསྐལ་བཟང་དང་དབུ་མ་རིན་ཆེན་འཕྲེང་བ་ལ་སོགས་སུ་བསོད་ནམས་ཀྱི་འགྱུར་ཁྱད་མཐའ་ཡས་པ་གསུངས་སོ། ། གསུང་གི་ཡོན་ཏན་ནི་མདོ་སྡེ་རྒྱན་རྩ་འགྲེལ་དང་ས་སྡེ་དབུ་མ་སྙིང་པོ་སོགས་སུ་འབྱུང་བ་ལྟར་གསུང་དབྱངས་ཡན་ལག་དྲུག་ཅུའི་ཁྱད་པར་རྣམས་དང་གཙོ་བོར་གྱུར་པ་ནི་བདེན་པ་བོའི་ལེའུ་ལས། འདི་ལྟར་སེམས་ཅན་ཀུན་གྱི་སྭ་ངེས་པའི་ཚིག ། མང་པོ་དག་གིས་དུས་གཅིག་ཞུ་ཞུས་ན། །སེམས་ཀྱི་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། ། གསུང་དབྱངས་གཅིག་གིས་སོ་སོར་ལན་ཀྱང་འདེབས། །ཞེས་གསུངས་པ་ལྟར། གསུང་དབྱངས་གཅིག་གི་སྒོ་ནས་ཀྱང་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་མོས་པ་ཐ་དད་པ་རྣམས་ཀྱི་ཐེ་ཚོམ་དང་རྨོངས་པའི་དྲ་བ་བཅད་དེ་གང་ལ་གང་འཚམས་ཀྱི་ཡང་དག་པའི་རྟོགས་པ་སྐྱེད་ནུས་པ་ནི་གཞན་དོན་སྒྲུབ་པའི་སྒོ་མཆོག་ཏུ་གྱུར་པ་ཡིན་ནོ། ། ཐུགས་ཀྱི་ཡོན་ཏན་བདེན་གཉིས་རེས་འཇོག་ཏུ་མ་སོང་བར་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་མཐའ་དག་ཆགས་ཐོགས་མེད་པར་ཅིག་ཅར་མངོན་སུམ་དུ་གཟིགས་པའི་མཁྱེན་པ་དང་། ཐུགས་བརྩེ་བ་ཆེན་པོའི་གཞན་དབང་དུ་གྱུར་ཏེ་དུས་རྒྱུན་ཆད་མེད་པར་འགྲོ་བ་ཀུན་ལ་བུ་བཞིན་དུ་དགོངས་ཤིང་། དེའི་དབང་གིས་འཕྲིན་ལས་ཅུང་ཟད་ཀྱང་དུས་ལས་ཡོལ་བ་མེད་པརགདུལ་བྱ་ལ་འཇུག་པའི་ཚུལ་གསལ་རྒྱལ་གྱི་བུ་མོ་རྡོ་རྗེ་མའི་ལོ་རྒྱུས་མདོ་མཛངས་བླུན་སོགས་ལས་འབྱུང་བ་ལྟར་རོ། ། ད་ལྟ་རང་ཅག་འཁོར་བར་ལྷུང་སྟེ་སྡུག་བསྔལ་དུ་མས་ནོན་པ་འདིའང་སངས་རྒྱས་ཀྱིས་མ་དགོངས་པ་མིན་ཀྱང་དེས་སྐྱོབ་པ་ལ་རྒྱུ་རྐྱེནགཉི་ག་འཛོམ་དགོས་པ་ལ་རྒྱུ་རང་གིས་མ་བསྒྲུབས་པས་ལན་པ་ཡིནཏེ། བསྔགས་འོས་བསྔགས་བསྟོད་ལས། ཕྱི་ཡི་ཡན་ལག་སྟོབས་ཀུན་ནི། ། ཁྱོད་ཀྱིས་ཡང་དག་བསྒྲུབས་ལགས་ཏེ། ། ནང་གི་སྟོབས་དག་མ་ཚང་བས། ། བྱིས་པ་རྣམས་ནི་སྡུགབསྔལ་བསྟེན། ། ཞེས་གསུངས་ཤིང་། བྲག་ཕུག་བྱང་བསྟན་དུ་ཉི་མ་མི་འཆར་བ་དང་དམུས་ལོང་གིས་ཉི་འོད་མི་མཐོང་བ་ཉི་མ་ལ་འོད་མེད་པས་ལན་པ་མ་ཡིན་པར་རང་རང་གི་སྐྱོན་ཡིན་པ་བཞིན་ནོ། ། སངས་རྒྱས་ཀྱི་ཡོན་ཏན་ལེགས་པར་གོ་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་བཀའ་དང་བསྟན་བཅོས་ཐམསཅད་ཀྱིས་དེའི་ཡོན་ཏན་ལས་ནི་ངོ་བོའི་སྒོ་ནས་བརྗོད། ལ་ལས་རྒྱུ། ལ་ལས་འབྲས་བུའི་སྒོ་ནས་བརྗོད་པས་སངས་རྒྱས་ཀྱི་རྣམ་ཐར་འབའ་ཞིག་ཏུ་གོ་བར་འགྱུར་ཏེ། སྔོན་ཇོ་བོ་ཆེན་པོས་ཀྱང་བོད་ན་མེད་རྒྱུད་མང་པོ་བལྟ་རྒྱུ་མེད་པས་པའི་དད་པ་ཉམས་སོང་ཞེས་གསུངས་པ་ནི། མདོ་སྡེ་ཇི་ཙམ་མང་དུ་བལྟས་པ་བཞིན་དད་པ་རྒྱས་པའི་དོན་ཡིན་ནོ། ། མདོར་ན་སངས་རྒྱས་བཅོམ་ལྡན་འདས་དེ་རང་ཉིད་འཇིགས་པ་ཐམས་ཅད་ལས་ནི་གྲོལ ། གཞན་འཇིགས་པ་ལས་སྒྲོལ་བའི་ཐབས་ལ་ནི་མཁས། ཀུན་ལ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་ནི་འཇུག ། ཕན་བཏགས་པ་དང་མ་བཏགས་པ་ཐམས་ཅད་ཀྱི་དོན་མཛད་པ་སྟེ་ཁྱད་པར་བཞིའམ། མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་སྐྱབས་སུ་འོས་པའི་རྒྱུ་མཚན་ཤེས་དགོས་ལ། རྣམ་དཔྱོད་ཅན་རྣམས་ཀྱིས་ཚད་མ་རྣམ་འགྲེལ་ལས་ལུགས་འབྱུང་ལུགས་ལྡོག་གཉིས་ཀྱི་སྒོ་ནས་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་སོགས་རྒྱ་ཆེར་བསམ་སྟེ་ངེས་པ་གཏིང་ཚུགས་པར་བྱའོ། །དེ་ལྟར་སངས་རྒྱས་ཀྱི་ཡོན་ཏན་ཤེས་ན་དེ་ཆོས་ཀྱི་མཐུ་ལས་འབྱུང་པར་ཤེས་ནས་ཆོས་ལ་གུས་པ་སྐྱེ་ཞིང་། ཆོས་དེ་ཚུལ་བཞིན་དུ་སྒྲུབ་པ་པོ་དགེ་འདུན་ཡིན་པས་དགེ་འདུན་ལའང་གུས་པར་འགྱུར་རོ། ། གཉིས་པ་ཁྱད་པར་ཤེས་པ་ནི། དཀོན་མཆོག་གསུམ་རེ་རེ་ལའང་ཡོན་ཏན་ཚད་མེད་པས་གང་རུང་རེ་ཁོ་ནར་སྐྱབས་སུ་སོང་བས་ཆོག་གམ་སྙམ་ན་དེས་མི་ཆོག་སྟེ། གདུལ་བྱའི་དོན་དུ་འགྱུར་ཚུལ་གྱི་སོགས་ཆོས་མི་འདྲ་བ་མེད་མི་རུང་རེ་སོ་སོར་ཡོད་དོ་ཞེས་གོ་བའི་ཕྱིར་ཁྱད་པར་འདི་གསུངས་པ་ཡིན་ནོ། ། དེའང་རྒྱུད་བླ་མ་ལས། སྟོན་པ་བསྟན་པ་བསླབ་དོན་གྱི། ། ཐེག་པ་གསུམ་དང་བྱེད་གསུམ་ལ། ། མོས་པ་རྣམས་ཀྱི་དབང་བྱས་ནས། ། སྐྱབས་གསུམ་རྣམས་པར་བཞག་པ་ཡིན། ། ཞེས་གསུངས་ཤིང་། དེའི་དོན་ཁ་བསྐངས་ཏེ་བསྡུ་བར། མཚན་ཉིད། འཕྲིན་ལས། མོས་པ། སྒྲུབ་པ།རྗེས་སུ་དྲན་པ། བསོད་ནམས་འཕེལ་བ་ལས་གྱུར་བའི་ཁྱད་པར་དྲུག་གསུངས་པ་རྣམས་ལམ་རིམ་ལས་ཤེས་པར་བྱའོ། །གསུམ་པ་ཁས་ལེན་པ་ནི། དཀོན་མཆོག་གསུམ་ལ་ཡོན་ཏན་དང་ཁྱད་པར་དེ་ལྟ་བུ་ཡོད་པར་ཤེས་པ་ཙམ་མ་ཡིན་པར། དེ་ལྟར་ཤེས་པ་ན་སྨན་པ་མཁས་པའི་ཡོན་ཏན་མཐོང་པའི་ནད་པ་ཉམ་ཐག་བཞིན་དེརང་གི་མགོན་སྐྱབས་སུ་འཛིན་པ་ཞིག་དགོས་ཏེ། དེའང་སངས་རྒྱས་ནི་རང་ལ་སྐྱབས་སྟོན་པ་པོར་འཛིན། ཆོས་ནི་སྐྱབས་དངོས་སུ་འཛིན། དགེ་འདུན་ནི་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་འཛིན་པ་ཡིན་ནོ། ། བཞི་པ་གཞན་དུ་མི་སྨྲ་བ་ནི། སྐྱབས་སུ་བཟུང་བ་དེའང་མཐའ་གཅིག་ཏུ་དཀོན་མཆོག་གསུམ་ཁོ་ན་ལ་སྐྱབས་སུ་འཛིན་པ་ཡིན་གྱི། མུ་སྟེགས་པའི་སྟོན་པ་སོགས་སྐྱབས་གཞན་དང་གཉིས་འཛིན་མི་བྱེད་པ་སྟེ། ཁྱད་པར་འཕགས་བསྟོད་ལས། བདག་ནི་སྟོན་པ་གཞན་སྤངས་ནས། ། བཅོམ་ལྡན་ཁྱོད་ལ་སྐྱབས་སུ་མཆི། ། དེ་ཅིའི་སླད་དུ་ཞེ་ན་ཁྱོད། ། སྐྱོན་མི་མངའ་ལ་ཡོན་ཏན་ལྡན། ། ཞེས་དང་། མུ་སྟེགས་གཞན་གྱི་གཞུང་ལུགས་ལ། ། ཇི་ལྟ་ཇི་ལྟར་རྣམ་བསམས་པ། ། དེ་ལྟ་དེ་ལྟར་མགོན་ཁྱོད་ལ། ། བདག་གི་སེམས་འདི་དད་པར་གྱུར། ། དེལྟར་ཐམས་ཅད་མཁྱེན་མིན་པའི། ། གྲུབ་མཐའི་སྐྱོན་གྱིས་བརླག་སེམས་ལྡན། ། བསམས་རླག་རྣམས་ཀྱིས་སྐྱོན་མེད་པའི། ། སྟོན་པ་ཁྱོད་ཀྱང་མི་མཐོང་ངོ། ། ཞེས་གསུངས་པ་ལྟར། སྟོན་པ་དང་བསྟན་པ་གཞན་གྱི་སྐྱོན་མཐོང་ནས་རྒྱབ་ཀྱིས་ཕྱོགས་པ་ཞིག་མེད་པར་ཐམས་ཅད་ལ་དག་སྣང་སྦྱོང་བའི་ཟོབ་བྱེད་པ་ནི་རང་གི་སྟོན་པ་ལ་བློ་མ་ཁེལ་ཤིང་ཡོན་ཏན་མ་མཐོང་བ་ཡིན་ནོ། ། དེ་ལྟར་ན་ཁྱད་པར་འདི་བཞིས་སྔ་མ་སྔ་མལ་ཞི་བ་ཆ་འདོན་ཚུལ་ཤེས་ན་གོ་རྒྱུ་ཤིན་ཏུ་ཆེའོ། །འདི་དག་ནི་སྐྱབས་འགྲོ་ཐམས་ཅད་ལ་མེད་མི་རུང་གི་ཁྱད་པར་ཡིན་ཞིང་། ཐེག་ཆེན་གྱི་སྐྱབས་འགྲོར་འགྱུར་བ་ལ་དེའི་སྟེང་དུ་མདོ་སྡེ་རྒྱན་ལས། ཀུན་ཏུ་འགྲོ་དང་ཁས་ལེན་རྟོགས་དང་ཟིལ་གནོན་བར། ། དབྱེ་བའི་རང་བཞིན་དོན་རྣམས་བཞི་ཡི་ཁྱད་པར་གྱིས། ། ཐེག་པ་མཆོག་ཕྱིར་སྐྱབས་རབ་སོང་བ་གང་ཡིན་པ། ། དེ་ཉིད་སྐྱབས་སུ་སོང་བ་རྣམས་ཀྱི་མཆོག་ཅེས་བྱ། ། ཞེས་མདོར་བསྟན་ཅིང་། གང་ཞིག་སེམས་ཅན་ཐམས་ཅད་བསྒྲལ་བར་ཞུགས་པ་དང་། ། ཞེས་སོགས་ཀྱིས་རྒྱས་པར་བཤད་པའི་ཁྱད་པར་རྣམས་ཚང་དགོས་སོ། ། མདོར་ན་སྐྱབས་འགྲོའི་གདམས་པ་ནི་ཐམས་ཅད་ལ་གལ་ཆེ་བ་དང་། སྐྱེས་བུ་མཆོག་འབྲིང་དམན་པ་གང་ཡིན་ཀྱང་རང་གི་བློ་ཚོད་དང་འཚམ་པར་བྱར་ཡོད་ཅིང་། སོ་སོའི་ཉམས་ལེན་ཐམས་ཅད་སྐྱབས་འགྲོའི་ཁོངས་སུ་བསྡུས་ནས་བྱས་ཆོག་པའི་མན་ངག་ཁྱད་པར་ཅན་ཡིནཏེ། གཞུང་ལུགས་ལ་མ་སྦྱངས་པའི་ཐ་མལ་པ་རྣམས་ཀྱང་མཆོག་གསུམ་བསླུ་བ་མེད་པར་དམ་པ་རྣམས་ཀྱིས་གསུངས་པ་ལ་ཡིད་ཆེས་བྱས་ནས་སྐྱིད་སྡུག་ཅི་བྱུང་ཡང་མཁྱེདམཁྱེན་སྙམ་པ་བྱས་ན་སྐྱབས་སུ་འགྲོ་ཚུལ་ཞིག་ཡིན་ན་དེར་ཡང་ཕན་ཡོན་ཆེ་སྟེ། རྒྱུད་རྟོག་པ་གསུམ་པ་ལས། ཡང་ན་བླུན་པོ་དད་པ་བརྟན། ། དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །གསུངས་པ་ལྟར་རོ། སྐྱེས་བུ་ཆུང་ངུའི་ལམ་ལ་བློ་སྦྱང་བ་རྣམས་ནི་མི་རྟག་པ་དང་ངན་འགྲོའི་སྡུག་བསྔལ་བསམ་པས་རྒྱུ་བྱས་དངོས་གཞི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་དེའི་བསླབ་བྱ་ལས་འབྲས་ཀྱི་བླང་དོར་ལ་འབད་ན་ཆུང་ངུའི་ཆོས་སྐོར་ཐམས་ཅད་དེར་འདུ། འབྲིང་གིས་འཁོར་བའི་སྡུག་བསྔལ་བསམ་པའི་ངེས་འབྱུང་གིས་རྒྱུ་བྱས་ཏེ་སྟོན་པ་སངས་རྒྱས་ཀྱི་རྗེས་སུ་ཞུགས་ནས་ལམ་བསླབ་པ་གསུམ་ལ་སློབ་དགོས་པས་དེ་ཐམས་ཅད་ཀྱང་སྐྱབས་འགྲོའི་ཁོངས་སུ་འདུ། སྐྱེས་བུ་ཆེན་པོ་རྣམས་ནི་ཕར་ཕྱིན་བསྡུ་བ་ལས། སེམས་ཅན་རྣམས་ལ་སྙིང་བརྩེ་ཞིང་། ། བདེ་གཤེགས་ཡོན་ཏན་ཐོབ་མོས་ན། ། དེ་བཞིན་གཤེགས་པ་ཐམས་ཅད་ལ། །མདོར་བསྡུས་སྐྱབས་སུ་སོང་བ་ཡིན། ། བྱང་ཆུབ་མཆོག་གི་ཕྱོགས་ཀྱི་ཆོས། ། བདག་དོན་མ་ཡིན་གཞན་དོན་དུ། ། སྙིང་རྗེ་ཆེན་པོ་སྤྱོད་བྱེད་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །ཞེས་སོགས་ལྟར་སྙིང་རྗེས་ཡིད་བསྐྱོད་དེ་གཞན་དོན་དུ་རང་གི་འབྲས་སྐྱབས་སུ་གྱུར་པའི་སངས་རྒྱས་དེ་ཉིད་གཙོ་བོར་དོན་དུ་གཉེར་ཞིང་། དེའི་རྒྱུད་ཐབས་ཤེས་ཟུང་དུ་འཇུག་པའི་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པ་ཡིན་པས་དེའང་སྐྱབས་འགྲོའི་ཁོངས་སུ་འདུ། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སངས་རྒྱས་འབྲས་སྐྱབས་སུ་བཟུང་བ་ཙམ་གྱིས་ཀྱང་མི་ཆོག་པར་དེ་ལ་ད་ལྟ་ན་སངས་རྒྱས་བཞག་སྟེ་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བསྒོམ་ཞིང་མཚན་བཅས་མཚན་མེད་རིམ་གཉིས་སོགས་ཀྱི་ཆེས་ལ་སློབ་པ་དང་། དགེ་འདུན་ཡང་དཔའ་བོ་མཁའ་འགྲོ་རྣམས་ཕོ་ཉའི་གྲོགས་སུ་བསྟེན་ཅིང་ཆོས་སྲུང་རྣམས་ཀྱིས་འཕྲིན་ལས་སྒྲུབ་པ་དང་། རང་གིས་ཀྱང་འཕྲིན་ལས་བཞིའི་སྒོ་ནས་གཞན་དོན་མཁའ་ཁྱབ་ཏུ་བསྒྲུབ་པའི་རྟེན་འབྲེལ་ད་ལྟ་ནསབསྒྲིགས་པ་ཡིན་པས་དེ་ཐམས་ཅད་ཀྱང་སྐྱབས་འགྲོའི་ཉམས་ལེན་ལས་མ་འདས་ཤིང་། མདོར་ན་ལུང་རྟོགས་ཀྱི་བསྟན་པ་ཐམས་ཅད་སྐྱབས་འགྲོའི་ཆོས་སྐོར་དུ་གཏོགས་པ་ཡིན་ཏེ། རྒྱུད་བླ་དང་ཊཱིཀ་ལས། སྐྱབས་འགྲོ་འདི་ལ་གོ་བ་ལེགས་པར་ཆགས་ན་གསུང་རབ་དགོངས་འགྲེལ་དང་བཅས་པ་མ་ལུས་པ་སྐྱབས་འགྲོ་བཅས་པའི་ཡན་ལག་ཏུ་ཤེས་པར་འགྱུར་རོ། །ཞེས་གསུངས་བའི་ཕྱིར། དེས་ན་སངས་རྒྱས་ཀྱིས་ཉེ་རིང་མཛད་པ་མིན་ཡང་རང་རང་གིས་སྐྱབས་སུ་འགྲོ་ཚུལ་རྒྱ་ཆེ་ཆུང་གི་དབང་གིས་གནས་སྐབས་ཀྱི་འཇིགས་པ་ཕྲན་ཚེགས་དང་ངན་སོང་འཁོར་བ་སོགས་ལས་སྐྱོབ་ཚུལ་གྱི་རིམ་པ་དུ་མ་བྱུང་བ་ཡིན་ཏེ།་མདོ་སྡེ་རྒྱན་ལས། འཚེ་བ་དག་ནི་ཐམས་ཅད་དང་། ། ངན་སོང་དང་ནི་ཐབས་མིན་དང་། ། འཇིག་ཚོགས་ཐེག་པ་དམན་པ་ལས། ། སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་གསུངས་པ་ལྟར་རོ། ། 
      (༣)གསུམ་པ་དེ་ཇི་ལྟར་ལག་ཏུ་ལེན་པའི་ཚུལ་དངོས་ནི། ཇོ་བོ་གསེར་གླིང་པའི་རྣམ་ཐར་ལས་འབྱུང་བ་ལྟར་གནས་ཁད་བྱི་དོར་ལེགས་པར་བྱས། ས་གཞིར་མེ་ཏོག་སིལ་མ་དགྲམ། དྲི་ཞིམ་པོའི་ཆུས་ཆག་ཆག་གདབ། སྟེགས་བཟང་པོ་ལ་བསྟན་པའི་བདག་པོས་གཙོ་བྱས་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་བྲིས་འབུར་ཅི་རིགས་སོགས་སྐུ་གསུང་ཐུགས་ཀྱི་རྟེན་གང་འབྱོར་བཤམ། དེ་དག་གི་མདུན་དུ་ཇི་ལྟར་འབྱོར་པའི་མཆོད་པ་རྣམས་གཡོ་མེད་ཅིང་བཀོད་པ་ལེགས་པར་མཛེས་པ་གཙང་སྒྲ་ཐོན་པ་བཤམ། བདེ་བའི་སྟན་ལ་སྤྱོད་ལམ་ཚུལ་མཐུན་གྱིས་འཁོད་དེ་རང་རྒྱུད་ལ་བརྟག་ནས། ད་ངེས་མི་ལུས་ཐོབ་ཀྱང་བློ་བདེ་བའི་གདེང་ཚད་སེམས་ལ་འཛིན་རྒྱུ་ཅིའང་མ་བྱས། ཉེས་ལྟུང་སྒོ་དུ་མ་ནས་བསགས་པ་ནི་མཐའ་ཡས་པས་ནམ་དབུགས་ཀྱི་རྒྱུ་བ་འདི་འགག་མ་ཐག་ངན་སོང་དུ་ལྟུང་བ་ལས་འོས་མི་འདུག་ཅིང་། དེར་སྐྱེས་ན་སྡུག་བསྔལ་བཟོད་གླགས་མེད་པའི་ཚུལ་བསམ་སྟེ་ཤིན་ཏུ་འཇིགས་ཤིང་སྐྲག་པ་དང་། དེ་ནས་རང་གི་གཡས་སུ་ཕ། གཡོན་དུ་མ། མཐའ་སྐོར་དུ་རིགས་དྲུག་གི་སེམས་ཅན་མཐའ་ཡས་པས་བསྐོར་བ། དེ་ཐམས་ཅད་ཀྱང་དྲིན་ཅན་གྱི་མ་ཤ་སྟག་ཡིན་ཚུལ་དང་རང་ཉམས་ལ་དཔག་པའི་སྙིང་རྗེ་ཤུགས་དྲག་པོ་བསྐྱེད་དེ། དེ་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་དགེ་སེམས་ཁྱད་པར་ཅན་དེའི་ངང་ནས་སྐྱབས་ཡུལ་གསལ་གདབ་པ་ནི། རང་གི་མདུན་གྱི་ཐད་དྲང་གི་ནམ་མཁའི་གནས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ངོ་བོ་རང་གི་དྲིན་ཅན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་གཙུག་གཏོར་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་ས་གནོན་དང་གཡོན་མཉམ་གཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། སྐུ་ལ་ཆོས་གོས་གསུམ་མཛེས་པར་གསོལ་བ། འོད་ཀྱི་ཕུངབོའི་དཀྱིལ་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་རྒྱལ་བ་རྡོ་རྗེ་འཆང་། དེའི་ཐུགས་ཀར་ཧཱུྃ་ཡིག་སྔོན་པོ་འོད་ཟེར་འཕྲོ་བ། ཐུབ་དབང་གི་རྒྱབ་ངོས་ཀྱི་སྟེང་དུ་སེང་ཁྲི་པད་ཟླ་ཉི་མའི་གདན་ལ་རྒྱལ་བ་རྡོ་རྗེ་འཆང་ལ་ཉམས་ལེན་བྱིན་རླབས་བརྒྱུད་བའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། གཡས་ཕྱོགས་སུ་རྗེ་བཙུན་བྱམས་པ་ལ་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། གཡོན་ཕྱོགས་སུ་རྗེ་བཙུན་འཇམ་དབྱངས་ལ་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། མདུན་དུ་དྲིན་ཅན་རྩ་བའི་བླ་མ་ལ་ཆོས་འབྲེལ་ཡོད་པའི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། དེ་དག་གི་མཐའ་སྐོ་ར་དུ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོ་བསྟན་སྲུང་ཡེ་ཤེས་པའི་ཚོགས་རྣམས་ཀྱིས་བསྐོར་ནས་བཞུགས་པ། དེ་དག་རང་རང་གི་མདུན་ན་གདན་ཁྲི་ཕུན་ཚོགས་ལ་རང་རང་གིས་གསུངས་བའི་ལུང་གི་ཆོས་རྣམས་འོད་ཀྱི་རང་བཞིན་ཅན་གྱི་པོ་ཏིའི་རྣམ་པར་ཡོད་པ། དེ་དག་གི་ཕྱི་རོལ་ཏུ་གང་ལ་གང་འདུལ་གྱི་སྤྲུལཔའི་བཀོད་པ་བསམ་གྱིས་མི་ཁྱབ་པ་ཕྱོགས་བཅུར་འཕྲོ་བ། ཐམས་ཅད་ཀྱང་རང་ཉིད་ལ་དགྱེས་བའི་ཉམས་དང་བཅས་ཏེ་བཞུགས་པར་བསམ། རང་དང་སེམས་ཅན་ཐམས་ཅད་ཀྱང་འཁོར་བའི་སྡུག་བསྔལ་ལ་འཇིགས་པ་དང་དཀོན་མཆོག་གི་ཡོན་ཏན་མཐོང་བའི་སྒོ་ནས་མགྲིན་གཅིག་ཏུ་སྐྱབས་འགྲོ་བྱེད་པར་བསམས་ཏེ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་བ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག ། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་བ་རྣམས་ལ་སྐྱབས་སུ་མཆིའོ། ། ཞེས་དང་། བླ་མ་ལ་སྐྱབས་སུ་མཆིའོ། ཞེས་ལན་གང་མང་བརྗོད་ཅིང་གསལ་བ་ཤུགས་དྲག་ཏུ་བཏབ་བས། བླ་མ་ཐུབ་པའི་དབང་པོ་དང་དངོས་བརྒྱུད་ཀྱི་བླ་མ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་ཉེས་ལྟུང་སྡིག་སྒྲིབ་ཐམས་ཅད་དང་། ཁྱད་པར་དུ་བླ་མའི་སྐུ་ལ་བསྔོ་བ་གསུང་བཅག་པ་ཐུགས་དཀྲུག་པ་ལ་སོགས་པ་བླ་མ་ལ་བརྟེན་པའི་ཉེས་པ་ཐམས་ཅད་དག ། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས། ཁྱད་པར་བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རང་གཞན་ཐམས་ཅད་ལ་ཞུགས་པས་བླ་མའི་སྐྱབས་འོག་ཏུ་ཆུད་སོང་སྙམ་བ་བྱ། དེ་ནས། སངས་རྒྱས་ལ་སྐྱབས་སུ་མཆིའོ། ། ཞེས་ལན་གང་མང་བརྗོད་ཅིང་གསོལ་བ་ཤུགས་དྲག་ཏུ་བཏབ་པས། རྡོ་རྗེ་འཆང་སོགས་སངས་རྒྱས་ཐམས་ཅད་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་གཞན་ཐམསཅད་ཀྱི་ལུས་སེམས་ལ་ཞུགས་པས་སྡིག་སྒྲིབ་སྤྱི་དང་། ཁྱད་པར་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲིག་བྱུང་བ། སྐུ་བླུས་ཟོས་པ། ལེགས་ཉེས་ཀྱི་དཔྱད་བརྟགས་པ། གཙུག་ལག་ཁང་དང་མཆེད་རྟེན་བཤིག་པ་སོགས་སངས་རྒྱས་ལ་བརྟེན་ནས་བསགས་པའི་སྡིག་སྒྲིབ་དག །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་རང་གཞན་ཐམས་ཅད་ལ་ཞུགས་པས་དེའི་སྐྱབས་འོག་ཏུ་ཆུད་པར་བསམ། ཆོས་ལ་སྐྱབས་སུ་མཆིའོ། ། ཞེས་ལན་གང་མང་བརྗོད་ཅིང་གསོལ་བ་ཤུགས་དྲག་ཏུ་བཏབ་པས། ཆོས་པོ་ཏི་རྣམས་ལས་བདུད་རྩིའི་རྒྱུན་བབས། རང་གཞན་ཐམསཅད་ཀྱི་ལུས་སེམས་ལ་ཞུགས་པས་སྡིག་སྒྲིབ་སྤྱི་དང་ཁྱད་པར་དུ་གསུང་རབ་རྣམས་ཟོད་དུ་བྱས་པ། གཏའ་མར་བཅུག་པ། ས་སྒྲེ་མོ་ལ་བཞག་པ། འགོམ་ཡུག་བྱས་པ་སོགས་དང་། ལྷག་པར་ཡང་ཆོས་དང་ཆོས་སྨྲ་བ་ལ་སྨད་པ། བཤད་སྒྲུབ་ཀྱི་གེགས་བྱས་སོགས་ཆོས་སྤོང་གི་ལས་ངན་སྡིག་སྒྲིབ་ཐམས་ཅད་དེ་གནས་དེའི་སྐྱངས་འོག་ཏུ་ཆུད་པའི་དམིགས་པ་བྱེད། དགེ་འདུན་ལ་སྐྱབས་སུ་མཆིའོ། ། ཞེས་ལན་གང་མང་བརྗོད་ཅིང་གསོལ་བ་ཤུགས་དྲག་ཏུ་བཏབ་པའི་ཆེ། བྱང་སེམས་ཉན་རང་དཔའ་བོ་དཔའ་མོ་བསྟན་སྲུང་ཡེ་ཤེས་པའི་ཚོགས་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། དགེ་འདུན་གྱི་དབྱེན་བྱསཔ། དགེ་འདུན་གྱི་དཀོར་ལ་འབག་པ། སྐུར་ཕ་བཏབ་པ་སོགས་དགེ་འདུན་དཀོན་མཆོག་ལ་བརྟེན་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག ། དགེ་འདུན་དཀོན་མཆོག་གི་སྐྱབས་འོག་ཏུ་ཆུད་སོང་སྙམ་དུ་བསམ་ལ་དགའ་བ་སྐྱེད། ཡི་དམཆོས་སྲུང་རྣམས་ལོགས་སུ་བྱེད་ན། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། ། ཞེས་ལན་གང་མང་བརྗོད་ཅིང་གསོལ་བ་ཤུགས་དྲག་ཏུ་བཏབ་པས། ཡི་དམ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་གཞན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས། རིགས་ལྔ་སྤྱི་བྱེ་བྲག་གི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམསཅད་བྱང་ཞིང་དག་ནས་ཡི་དམ་རྣམས་ཀྱི་བྱིན་རླབས་ཞུགས་ཏེ་རིམ་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་རྣམས་སྐྱེ་བའི་སྣོད་རུང་དུ་གྱུར་པར་བསམ། དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། ། ཞེས་ལན་གང་མང་བརྗོད་ཅིང་གསོལ་བ་ཤུགས་དྲག་ཏུ་བཏབ་པས། མགོན་པོ་ཕྱག་དྲུག་པ་སོགས་ཆོས་སྲུང་རྣམས་ཀྱི་སྐུ་ལས་འོད་ཟེར་མེ་འོད་ལྟ་བུ་འཕྲོས་ནས་རང་གི་ལུས་ལ་ཞུགས་པས་སྡིག་སྒྲིབ་ནང་གི་གདོན་ཐམས་ཅད་བསྲེགས་ཏེ་རོ་མེད་དུ་བྱས། ཆོས་སྲུང་རྣམས་ཀྱི་བྱིན་རླབས་རང་གི་ལུས་སེམས་ལ་ཞུགས་པས་ཕྱིན་ཆད་ནད་རིམས་གདོན་བགེགས་སོགས་གང་གིས་ཀྱང་མི་ཚུགས་པའི་བསྲུང་བ་ཆེན་པོར་གྱུར་པའི་དམིགས་པ་བྱེད། མདོ་ལུགས་ཁོ་ན་ལྟར་བྱེད་ན་གོང་མ་རྣམས་ཀྱི་ཚེའང་བདུད་རྩི་འབེབ་སྦྱང་མི་བྱེད་པར་དེ་དག་ལས་འོད་འཕྲོས་ཏེ་རང་ལ་ཕོག་པས་བྱིན་གྱིས་བརླབས་པ་དང་། ཞལ་ནས། ཁྱེད་ཅག་འཁོར་བསྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་མགོན་སྐྱབས་དཔུང་གཉེན་ངེད་རྣམས་ཀྱིས་བྱའོ། །ཞེས་གསུང་ལྷང་ལྷང་བྱོན་ནས་ཞལ་གྱིས་བཞེས་པར་བསམ་ལ་དགའ་བ་དང་། སླར་ཡང་ལུས་ཀྱི་བ་སྤུ་གཡོ་ཞིང་མིག་ནས་མཆི་མ་འཁྲུག་པའི་དད་པ་ཤུགས་དྲག་པོ་གསལ་བཏབ་ཀྱིན་སྐྱབས་འགྲོ་བྱེད། དེ་ལྟར་སོ་སོར་བྱས་ཏེ་ཐུན་མོང་དུ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི་དཔེར་ན་དམག་ལ་སོགས་པའི་འཇིགས་པ་ཆེན་པོ་བྱུང་བའི་ཚེ་བཟའ་ཚང་གི་དཔོན་དེས་རང་གཅིག་པུ་ཅི་ཐར་མི་བྱེད་པར་གཉེན་བཤེས་རྣམས་ཀྱི་མགོ་འདོན་པ་ལྟརསེམས་ཅན་རྣམས་ཀྱི་དོན་གཙོ་བོར་ཡིད་ལ་བཞག་སྟེ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། ། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། ། ཞེས་ལན་གང་མང་བརྗོད་ཅིང་གསོལ་བ་ཤུགས་དྲག་ཏུ་བཏབ་པས། ཚོགས་ཞིང་ཐམས་ཅད་ཀྱི་སྐུའི་ཆ་ལས་བདུད་རྩིའི་རྒྱུན་བབས། རང་གཞན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས་པས་སྡིག་སྒྲིབ་ཐམས་ཅད་དག ། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིངརྒྱས། ཁྱད་པར་དཀོན་མཆོག་གསུམ་གྱི་བྱིན་རླབས་རང་གཞན་ཐམསཅད་ལ་ཞུགས་པར་བསམ། དེ་ནས་བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། ། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ། ཅེས་ལན་གང་མང་བརྗོད་ཅིང་སེམས་བསྐྱེད་ཤུགས་དྲག་ཏུ་བསྒོམས་པས། ཐུབ་པའི་དབང་པོའི་སྐུ་ལས་རང་འདྲ་གཉིས་པ་ཞིག་ཆད་ནས་རང་ཉིད་ལ་ཐིམ་པས་རང་ཉིད་ཀྱང་ཐུབ་པའི་དབང་པོའི་སྐུར་ལམ་གྱིས་གྱུར། རང་ཉིད་ཐུབ་དབང་དུ་གྱུར་པའི་སྐུ་ལས་འོད་ཟེར་འཕྲོས། མཐའ་སྐོར་ན་ཡོད་པའི་ཕ་མ་སེམས་ཅན་ཐམས་ཅད་ལ་ཕོག་པས་སོ་སོའི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་སྦྱངས་ནས་ཐམས་ཅད་ཐུབ་དབང་གི་གོ་འཕང་ལ་བཀོད་པར་བསམས་ཏེ་སེམས་བསྐྱེད་འབྲས་བུ་ལམ་བྱེད་ཀྱི་ཚུལ་དུ་བསྒོམ། འདི་ཙམ་ཤེར་མདོའི་གླེང་གཞི་སོགས་སུ་སྐད་ཅིག་དེར་ངན་སོང་སྟོངས་པར་གསུངས་པ་དང་མཐུན་ཅིང་། གཙུག་ན་རིན་ཆེན་གྱི་མདོ་ལས་བདག་གི་ལུས་སེམས་ཅན་ཐམས་ཅད་ཀྱི་ལུས་སུ་མོས། སེམས་ཅན་ཐམས་ཅད་ཀྱི་ལུས་སངས་རྒྱས་ཀྱི་སྐུའི་གནས་སུ་མོས་པར་གསུངས་པ་དང་དོན་མཐུན་པས་མདོ་ལུགས་རྐྱང་པ་ལའང་འགལ་བ་མེད་པར་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞལ་ནས་གསུངས་སོ། ། དེ་ནས་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་རྒྱུན་བཤགས་སམ་ཡན་ལག་བདུན་པར་གྲགས་པ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱང་འདིའི་དཀྱུས་སུ་འདོན་སྲོལ་ཡོད་པ་བཞིན་བྱེད་ན་ཚིག་རིས་ཀྱི་རིམ་པ་ལྟར། ཐམས་ཅད་ཀྱི་གཞི་རྟེན་ཞིང་ས་ལྟ་བུའི་སྐྱབསའགྲོ་དང་ཞིང་ལ་རྡོ་དང་གསེག་མ་སོགས་སེལ་བ་བཞིན་དུ་འགལ་རྐྱེན་སྡིག་པ་བཤགས་པ་དང་། དེར་ཆུ་ལུད་འདྲེན་པ་ལྟར་རྗེས་སུ་ཡི་རང་གི་སྒོ་ནས་མཐུན་རྐྱེན་ཚོགས་བསགས་པ་དང་།དེ་ནས་ས་བོན་ལྟ་བུའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དེ་རྗེས་སེམས་ཅན་ཐམས་ཅད་ཀྱི་ཉེར་འཚོའི་རྟེན་དུ་གྱུར་པའི་བྱང་ཆུབ་ཀྱི་སྤྱོད་པའི་ལོ་ཏོག་སྤེལ་བ་སོགས་ཀྱི་དམིགས་རྣམ་རྒྱུད་འཁུལ་ངེས་བྱ། དེ་ནས་ཚད་མེད་པ་བཞི་བསྒོམ་པ་ནི་སེམས་བསྐྱེད་ཀྱི་དམིགས་རྣམ་དེ་ཉིད་ཇེ་རྒྱས་སུ་གཏོང་བ་ཡིན་ཏེ། སེམས་བསྐྱེད་སྐབས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ་སྙམ་པའི་དོན་ནི་སྡུག་བསྔལ་སེལ་བ་དང་བདེ་བ་བསྒྲུབ་པ་གཉིས་ལས་མ་འདས་ཤིང་། སྡུག་བསྔལ་སེལ་བར་འདོད་པ་ལ་སྙིང་རྗེ། བདེ་བ་བསྒྲུབ་པར་འདོད་པས་བྱམས་པ། བདེ་བའང་ཟག་བཅས་ཀྱི་བདེ་བ་ཙམ་ལ་ཡིད་བརྟན་མེད་པ་མཐར་བསླུ་བའི་ཆོས་ཅན་ཡིན་པས། ཟག་མེད་ཀྱི་བདེ་དགའ་ནམ་ཡང་མི་ཉམས་པ་ཞིག་ལ་འགོད་པར་འདོད་པ་དགའ་བ། དེའང་ཕྱོགས་རིས་ཅན་མ་ཡིན་པར་དགྲ་གཉེན་པར་མ་ཀུན་ལ་སྙོམས་པ་ཞིག་དགོས་པས་བཏང་སྙོམས་ཏེ་བཞིར་ཕྱེ་བ་ཡིན་ནོ། ། དེས་ན་དེ་སྒོམ་ཚུལ་ནི། མ་རྒན་སེམས་ཅན་འདི་རྣམས་ཐོག་མ་མེད་པ་ནས་བདེ་བ་ཁོ་ན་འདོད་ཀྱང་དེའི་རྒྱུ་མ་བསྒྲུབས་པས་བདེ་བ་རྣལ་མ་ཞིག་དང་མ་ཕྲད་པར་འདུག ། ད་ལྟ་བདེ་བར་བློ་མ་པ་བག་རེ་ཡོད་ནའང་མྱུར་དུ་སྡུག་བསྔལ་དུ་འགྱུར་ནས་འགྲོ་བས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང་། ལྡན་པར་གྱུརཅིག་ཅེས་བྱམས་པ་དང་། འདི་རྣམས་ཐོག་མེད་ནས་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་བསྒྲུབས་བས་སྡུག་བསྔལ་དཔག་ཏུ་མེད་པ་མྱངས་ཤིང་ད་ལྟའང་མྱོང་བཞིན་དུ་དེའི་རྒྱུ་སྒྲུབ་པར་བདུག་པས་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ན་ཅི་མ་རུང་། བྲལ་བར་གྱུར་ཅིག་སྙམ་པའི་སྙིང་རྗེ་དང་། འདི་རྣམས་སྡུག་བསྔལ་མེད་པའི་བདེ་བ་དང་བདེ་བའི་རྒྱུ་ཐམས་ཅད་དང་མ་བྲལ་ན་ཅི་མ་རུང་། མི་འབྲལ་བར་གྱུར་ཅིག ། དེ་ལྟ་བུ་བྱུང་ན་དགའ་ཨང་སྙམ་དུ་དགའ་བ་དང་འདི་རྣམས་ཀྱིས་ཐོག་མེད་ནས་ཕན་ཚུན་དུ་འགའ་ཞིག་ལ་ཉེ་བར་བཟུང་། འགའ་ཞིག་ལ་རིང་བརབཟུང་ནས་ཆགས་སྡངས་གིས་ལས་ངན་སྣ་ཚོགས་བསགས་པའི་དབང་གིས་སྤྱིར་འཁོར་བ་དང་། ཁྱད་པར་ངན་འགྲོའི་སྡུག་བསྔལ་དཔག་མེད་མྱོང་བར་འདུག ། འདི་རྣམས་ཕན་ཚུན་ལ་ཉེ་རིང་དུ་བཟུང་སྟེ་ཆགས་སྡང་གི་སེམས་དང་བྲལ་ནས་བཏང་སྙོམས་ལ་གནས་ན་ཅི་མ་རུང་། གནས་པར་གྱུར་ཅིག ། བདག་གིས་ཀྱང་འདི་རྣམས་ལས་ཁ་ཅིག་ལ་ཉེ་བ་དང་། ཁ་ཅིག་ལ་རིང་བར་བཟུང་ནས་ཆགས་སྡང་མི་བྱེད་པར་ཐམསཅད་ལ་སེམས་སྙོམས་པར་བྱའོ། ། ཞེས་བཏང་སྙོམས་ཀྱི་དམིགས་པ་རྣམས་གསལ་བཏབ་ལ། ངག་ཏུ། མ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག ། སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ། ཅེས་ཚད་མེད་བཞི་ཤུགས་དྲག་ཏུ་བསྒོམས་པས་ཚོགས་ཞིང་ཐམས་ཅད་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་ནས་ཕ་མ་སེམས་ཅན་ཐམས་ཅད་ལ་ཕོག་པས་ཉེ་རིང་ཆགས་སྡང་ལ་སོགས་པའི་སྡིག་སྒྲིབ་ལས་ཉོན་ཐམས་ཅད་དང་དེས་བསྐྱེད་པའི་སྡུག་བསྔལ་ལ་སོགས་པ་སྦྱངས། ཟག་པ་མེད་པའི་བདེ་བ་ཕུན་སུམ་ཚོགས་པ་ཐོབ་ཅིང་ཚད་མེད་བཞི་ལ་གནས་པར་གྱུར་སོང་སྙམ་དུ་བསམ་མོ། །བཏང་སྙོམས་ནི་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་འབྱུང་བ་ལྟར་རྒྱ་ཆེ་བས་མཇུག་ཏུ་བཞག་པ་ཡིན་ཀྱང་། ཤེར་ཕྱིན་གྱི་མདོ་དང་མངོན་པར་རྟོགས་པའི་རྒྱན་ལས་རྣམ་རྫོགས་སྦྱོར་བའི་དྲོད་ཀྱི་སྐབས་སུ་མཉམ་པའི་སེམས་སོགས་བཅུ་གསུངས་པ་ལྟར་ཇོ་བོའི་མན་ངག་གིས་སེམས་སྙོམས་པ་སྔོན་དུ་འགྲོ་དགོས་པས། ངག་ཏུ་བརྗོད་སྐབས་ཀྱང་། སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ། ཅེས་པ་སྔོན་དུ་བླངས་ནས་འདོན་པའི་ཕྱག་བཞེས་ཀྱང་ཡོད་པས་གང་མོས་བྱ། དེ་ནས་ཟབ་རྒྱས་ཀྱི་ལམ་ལ་བཤར་སྒོམ་དང་འབྲེལ་བའི་དད་པས་ཀུན་ནས་བསླངས་ཏེ། གང་གིས་རྟེན་ཅིང་ཞེས་སོགས་འདོན། ཁྲུས་གསོལ་བྱེད་ན་ཁྲུས་ཁང་གསལ་བཏབ་སྟེ་དེར་སྤྱན་དྲངས་ལ་ལྷ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་སྐུ་ཁྲུས་གསོལ་བ་དང་། ལྷ་རྫས་ཀྱི་ན་བཟའ་དང་རྒྱན་འབུལ་བའི་དམིགས་པ་སོགས་ཚིག་རིས་ལྟར་བྱ། སྤྲོ་ན་ཡན་ལག་བདུན་པ་རྒྱས་པར་བྱས་ལ་མཎྜལ་སོ་བདུན་མའམ་བདུན་མ་དབུལ། ཡོན་ཏན་གཞིར་གྱུར་མའམ་དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་གདབ། ཐུན་བསྡུ་བའི་ཚེ། བླ་མ་ཐུབ་པའི་དབང་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མཐའ་སྐོར་ན་བཞུགས་པའི་ཚོགས་ཞིང་རྣམས་ལ་ཕོག་པས་ཐམས་ཅད་འོད་དུ་ཞུ་ནས་ཐུབ་དབང་ལ་ཐིམ། ཐུབ་དབང་རང་གི་སྨིན་མཚམས་སུ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་བའི་མོས་པ་བྱའོ། ། མཇུག་ཏུ་དགེ་བ་རྣམས་བཟང་པོ་སྤྱོད་པ་སོགས་ཀྱི་སྒོ་ནས་གནས་སྐབས་དང་མཐར་ཐུག་གི་སྨོན་གནས་རྣམས་སུ་འདུན་པ་དྲག་པོས་བསྔོ་བ་དང་སྨོན་ལམ་བྱའོ། །
      ༣གསུམ་པ་སྐྱབས་སུ་སོང་བའི་ཕན་ཡོན་ལ། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་ལམ་རིམ་ལས། སྐྱབས་འགྲོས་སངས་རྒྱས་སར་ཆུད་སྡོམ་པ་ཀུན། ། སྐྱེ་བའི་རྟེན་དུ་འགྱུར་ཞིང་སྔོན་བསགས་ཀྱི། ། ལས་སྒྲིབ་ཐམས་ཅད་སྲ་བཅིང་ཟད་པར་འགྱུར། ། སྐྱབས་སོང་བསོད་ནམས་བློ་ཡིས་གཞལ་མི་ནུས། ། ངན་འགྲོར་མི་ལྷུང་མི་དང་མི་མིན་གྱི། ། བར་ཆད་དག་གིས་མི་ཚུགས་ཅི་བསམ་འགྲུབ། ། མྱུར་དུ་འཚང་རྒྱའི་ཕན་ཡོན་བརྒྱད་བསམ་ནས། །ཉིན་དང་མཚན་དུ་སྐྱབས་འགྲོ་ལན་གསུམ་བྱ། ། ཞེས་པ་ལྟར་བརྒྱད་ལས། དང་པོ་ནང་པ་སངས་རྒྱས་པར་ཚུད་པ་ནི། སྤྱིར་ཕྱི་པ་དང་ནང་བའི་ཁྱད་པར་འཇོག་ཚུལ་མང་པོ་བཤད་ཀྱང་། མཉམ་མེད་ཇོ་བོ་ཆེན་པོ་དང་ཤཱནྟི་པ་གཉིས་ཀྱིས་སྐྱབས་འགྲོའི་སྒོ་ནས་འཇོག་པར་གསུངས། ཇོ་བོ་ཆེན་པོ་བོད་ཀྱི་རྒྱལ་བློན་རྣམས་ཀྱིས་དཀའ་ཚོགས་ཆེན་པོས་སྤྱན་དྲངས་སྐབས་ཀྱང་བོད་སྟོན་རྣམས་གསང་སྔགས་ཟབ་མོའི་ཆོས་འདི་ལས་ལྷག་པ་མེད་ཟེར་བའི་ཁ་པོ་ཅན་ཞིག་གསུང་དུ་རེའང་། ཇོ་བོ་ཆེན་པོ་སམ་མཛངས་ཀྱིས་བུ་གསོ་བའམ། ནད་པ་ལུས་ཟུངས་གསོ་བ་བཞིན་སློབ་མའི་རྒྱུད་ཚོད་དང་འཚམ་པ་ཞིག་དགོས་པར་གཟིགས་ནས་སྐྱབས་འགྲོ་ལས་འབྲས་ཀྱི་ཚེས་སྐོར་འདི་ཁོ་ན་གསུང་བསམ་ཚན་ལའང་བླ་མ་སྐྱབས་འགྲོ་བ་དང་ལས་འབྲས་བར་གྲགས་པ་བྱུང་སྟེ། དེ་ཙམ་གྱིས་ཀྱང་བསྟན་པའི་མིག་ལྟོས་དང་རྗེས་འཇུག་གི་ཉམས་ལེན་ལ་ཕན་པ་ཆེན་པོ་བྱུང་ངོ་། ། བླ་མ་དགེ་བའི་བཤེས་གཉེན་ཆེན་པོར་རློམ་ཞིང་ཀུན་གྱིས་དེ་ལྟར་བཀུར་ནའང་ནང་དུ་སྐྱབས་འགྲོ་རྣམ་དག་ཅིག་མེད་ན་ཕྱི་ནང་གོ་འཛོལ་ནས། གནས་བརྟན་ཞལ་མར་གཟིགས་ཤིག་འདུག་སྟེ་སངས་རྒྱས་བསྟན་པའི་སྒོ་ནང་དུ་མཚུད་འདུག་ཅེས་པའི་དཔེར་འགྲོ་ཉན་ཡོད་ཅེས་རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་གསུངས་སོ། ། གཉིས་པ་སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་ནི་མཛོད་འགྲེལ་ལས། སྐྱབས་སུ་འགྲོ་བ་རྣམས་ནི་སྡོམ་པ་ཡང་དག་པར་བླངས་པ་ཐམས་ཅད་ལ་སྒོར་གྱུར་པ་ཡིན་ནོ། ། ཞེས་དང་། རྩ་བ་རེ། གཞན་ལ་བསྙེན་གནས་ཡོད་མོད་ཀྱི།།སྐྱབས་སུ་མ་སོང་བ་ལ་མེད། ། ཅེས་སྡོམ་པ་གོང་འོག་ཀུན་གྱི་རྟེན་མེད་མི་རུང་དུ་གསུངས་ཏེ། ས་བོན་མང་ཉུང་གང་འདེབས་ཀྱང་རང་ཚོད་ཀྱི་ཞིང་ས་རེ་དགོས་པ་ཁྱད་མེད་པ་ལྟར་སྡོམ་པ་སོ་སོ་ལ་རྟེན་རྒྱ་ཆེ་ཆུང་གི་སྐྱབས་འགྲོ་རེ་གཞིར་བྱེད་དགོས་པས། འབོག་ཆོག་རྣམས་ལས་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ཞེས་པའི་དོན་ཡང་དེ་ཡིན་ནོ། །གསུམ་པ་སྔོན་བསགས་པའི་སྡིག་སྒྲིབ་ཟད་པར་འགྱུར་བ་ནི། ལམ་རིམ་ཆེན་མོ་ལས། ཕག་ཏུ་སྐྱེས་བར་འགྱུར་བའི་ལྷའི་དུས་སྐྱབས་འགྲོ་བྱས་པས་དེར་མ་སྐྱེས་པ་ལྟ་བུ་སྟེ་སྐྱབས་འགྲོ་བྱས་པས་དམ་འགྲོའི་རྒྱུ་དག་པའི་ཕྱིར་རོ། །ཞེས་གསུངས་ཏེ། སྡིག་པ་ཆེན་པོ་ཆེ་བྱས་ནས་ངན་འགྲོའི་གཡང་སར་ལྟུང་དུ་ཉེ་བའང་ལྷ་དཀོན་མཆོག་གསུམ་གྱི་ཞབས་ལ་འཆང་དུ་ཡོད་པའི་དུས་འདིར་བློ་འགེལ་ནུས་ན་འཇིགས་པ་དེ་ལས་ཐར་པ་ལ་ཚོགས་མེད་པས་འབད་རིགས་པ་ནི། སྤྱོད་འཇུག་ལས། སྡིག་བ་ཤིན་ཏུ་མི་བཟད་བྱས་ན་ཡང་། ། དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། ། གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། ། དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། ། ཞེས་གསུངས་པ་ལྟར་རོ། ། བཞི་པ་བསོད་ནམས་རྒྱུ་ཆེན་པོ་གསོག་བ་ནི། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་ཡོད་ན། ། ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། ། རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། ། ཕུལ་གྱིས་གཅལ་བར་གཞལ་མི་ནུས། ། ཞེས་གཟུགས་སུ་གྲུབ་ན་ནམ་མཁའི་ཁྱོན་ལའང་མི་ཤོང་བར་གསུངས་སོ། ། དེའི་རྒྱུ་མཚན་ནི་འཆི་མེད་རྔ་སྒྲའི་གཟུངས་ལས། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། ། དམ་པའི་ཆོས་ཀྱང་བསམ་མི་ཁྱབ། ། འཕགས་པའི་དགེ་འདུན་བསམ་མི་ཁྱབ། ། བསམ་མི་ཁྱབ་ལ་དད་རྣམས་ཀྱི། །རྣམ་པར་སྨིན་པའང་བསམ་མིཁྱབ། །ཅེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། དེ་ཅིའི་ཕྱིར་ཞེ།ན། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཚད་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བའང་ཚད་མེད་དོ། ། མཐའ་ཡས་སོ། ། བསམ་གྱིས་མི་ཁྱབ་བོ། ། མཚུངས་པ་མེད་དོ། ། གྲངས་མེད་དོ། ། ཞེས་ཡུལ་དཀོན་མཆོག་གི་ཡོན་ཏན་དང་ཐུགས་རྗེ་བསམ་གྱིས་མི་ཁྱབ་པའི་དབང་གིས་དེ་ལ་བརྟེན་པའི་བསོད་ནམས་ཀྱི་ཕུང་པོའང་བསམ་གྱིས་མི་ཁྱབ་པ་དང་ཟད་པ་མེད་པར་གསུངས་ཏེ། བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་མི་ཟད་པའི་སྒྲ་དོན་གྱི་སྐབས་ཆེད་དུ་བྱ་བ་སེམས་ཅན་ཟད་མི་ཤེས་པ་དང་དམིགས་ཡུལ་བྱང་ཆུབ་ཀྱི་ཡོན་ཏན་ཟད་མི་ཤེས་པའི་དབང་གིས་དེ་ལ་བརྟེན་པའི་དགེ་རྩ་རྣམས་མི་ཟད་པར་གསུངས་པ་དང་རྒྱུ་མཚན་འདྲའོ། ། དེས་ན་བསོད་ནམས་ཀྱི་ཞིང་ས་མཚུངས་ཟླ་མེད་པ་ནི་དཀོན་མཆོག་གསུམ་ཁོ་ནར་ངེས་ཏེ། ཆོས་ཐམས་ཅད་ཀྱི་རྒྱལ་པོའི་མདོ་ལས། ། ལྷ་དང་བཅས་པའི་འཇིག་རྟེན་ན། ། དཀོན་མཆོག་གསུམ་པོ་མ་གཏོགས་པ། ། ཡོན་གྱི་གནས་འགའ་ཡོད་མ་ཡིན། ། ཞེས་སོ། ། ལྔ་པ་ངན་འགྲོར་མི་ལྟུང་བ་ནི། མདོ་ལས། གང་དག་སངས་རྒྱས་སྐྱབས་དོང་བ། ། དེ་དག་ངན་འགྲོར་འགྲོ་མི་འགྱུར། །མི་ཡི་ལུས་ནི་སྤངས་ནས་སུ། །དེ་དག་ལྷ་ཡི་ལུས་འཐོབ་བོ། ། ཞེས་ཆོས་དང་དགེ་འདུན་ལའང་སྦྱང་ནས་གསུངས་པ་དང་ངན་འགྲོར་སྐྱེས་ཟིན་པའི་རྗེས་སུ་དཀོན་མཆོག་ལ་སྐྱབས་སུ་སོང་ནའང་དེ་ལས་མྱུར་དུ་ཐར་བར་འགྱུར་བའི་ཚུལ། ངན་སོང་སྦྱོང་རྒྱུད་ལས། ཨེ་མའོ་སངས་རྒྱས་ཀྱེ་སངས་རྒྱས། །ཨེ་མའོ་སངས་རྒྱས་མཛད་པ་ལེགས། ། གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་ཆེད་དུ་བརྗོད་པ་བྱས་པ་བཞིན་ནོ། ། དྲུག་པ་མི་དང་མི་མ་ཡིན་གྱི་བར་ཆད་ཀྱིས་མི་ཚུགས་པ་ནི། མདོ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། ། ཕལ་ཆེར་རི་དང་ནགས་ཚལ་དང་། ། ཀུན་དགའ་དང་ནི་མཆོད་གནས་ཀྱི། ། ལྗོན་ཤིང་རྣམས་ལ་སྐྱབས་འགྲོ་སྟེ། ། སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། ། སྐྱབས་དེ་མཆོག་གྱུར་མ་ཡིན་ལ། ། སྐྱབས་དེ་ལ་ནི་བརྟེན་ནས་ཀྱང་། ། སྡུག་བསྔལ་ཀུན་ལས་མི་འགྲོལ་ཞིང་། །གང་ཆོ་གང་ཞིག་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་ལ། ། ཞེས་པ་ནས། སྐྱབས་དེ་ལ་ནི་བརྟེན་ནས་ཀྱང་། ། སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། ། ཞེསདང་། རྒྱལ་པོ་མྱ་ངན་མེད་ཀྱིས་ཀླུ་བཏུལ་བའི་ལེའུ་ལས། ཀྱེ་མ་དཀོན་མཆོག་གསུམ་མཆོད་པའི། ། འབྲས་བུ་ཅི་འདྲ་འདི་གཟིགས་ཤིག ། རྒྱ་མཚོའི་ནང་ན་གནས་པའི་ཀླུ། །བདག་གིས་བཏུལ་ཅིང་འདི་དབང་བགྱིས། ། ཆུ་དང་མཁའ་ལ་འགྲོ་པའི་ཀླུ། ། བསོད་ནམས་ཀྱིས་ནི་ངས་ཕམ་བྱས། །ས་ལ་གནས་པའི་དགྲ་ཡི་ཚོགས། ། བསོད་ནམས་ཀྱིས་ནི་ཟད་པར་བྱེད། ། ཅེས་ཆོས་རྒྱལ་མྱ་ངན་མེད་ལ་རྒྱ་མཚོའི་ཀླུ་རྣམས་ཀྱིས་ཐོ་བརྩམས་པའི་ཚེ་དཀོན་མཆོག་མཆོད་བའི་སྟོབས་ཀྱིས་དེ་དག་གིས་མཚུགས་ཤིང་ཚུར་དབང་དུ་འདུས་པ་དང་། དགེ་བསྙེན་ཞིག་ལ་མུ་སྟེགས་པའི་ངན་སྔགས་མཁན་ཞིག་གིས་རླུང་ཞགས་བཏང་བའི་ཚེ་དཀོན་མཆོག་ལ་སྐྱབས་སུ་སོང་བས་རླུང་ཞགས་གཏོང་མཁན་ལ་ཕྱིར་ལོག་པའི་གཏམ་རྒྱུད་ལྟ་བུ་ཡིན་ནོ། ། བདུན་པ་ཅི་བསམ་འགྲུབ་པ་ནི། ཆོས་ལྡན་གྱི་བྱ་བ་གང་སྒྲུབ་པའི་ཐོག་མར་དཀོན་མཆོག་ལ་མཆོད་ཅིང་སྐྱབས་སུ་སོང་ནས་འགྲུབ་པར་གསོལ་བ་བཏབ་ན་བདེ་བླག་ཏུ་འགྲུབ་པར་འགྱུར་བས། དམ་པ་རྣམས་བསྟན་བཅོས་རྩོམ་པ་སོགས་ཀྱི་ཐོག་མར་མཆོད་བརྗོད་མཛོད་པའི་དགོས་པའང་དེ་ཡིན་ལ། དེའི་རྒྱུ་མཚན་ནི་སྐྱབས་སུ་སོང་བས་བསོད་ནམས་རླབས་པོ་ཆེ་གསོག་པ་དང་། བསོད་ནམས་ཀྱི་དབང་གིས་འདོད་དོན་སྨོན་པ་བཞིན་འགྲུབ་པ་ཡིན་ཏེ། རྒྱ་ཆེར་རོལ་པ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། ། ཅེས་དང་། སའི་སྙིང་པོ་འཁོར་ལོ་བཅུ་བའི་མདོ་ལས། འཇིག་རྟེན་དག་ནི་བདེ་ཞིང་སྐྱིད་པ། ། དེ་ཀུན་དཀོན་མཆོག་མཆོད་ལས་འབྱུང་བས། ། དེ་བས་བདེ་ཞིང་སྐྱིད་པ་འདོད་པས། ། དཀོན་མཆོག་མཆོད་ལ་རྟག་ཏུ་བརྩོན་བྱ། ། ཞེས་བདེ་སྐྱིད་ལེགས་ཚོགས་ཐམས་ཅད་འགྲུབ་པ་དཀོན་མཆོག་ཁོ་ནར་རག་ལས་པར་གསུངས་སོ། ། བརྒྱད་པ་མྱུར་དུ་འཚང་རྒྱབ་ནི། ལམ་རིམ་ཆེན་མོར། སེང་གེས་ཞུས་པ་ལས། དད་པས་མི་ཁོམ་སྤོང་བར་འགྱུར། ། ཅེས་གསུངས་བ་ལྟར་དལ་བ་ཁྱད་པར་ཅན་རྙེདཅིང་སྐྱབས་དང་མཇལ་ནས་ལམ་ཁྱད་པར་ཅན་ལ་སློབ་ལ་དེས་ནི་རིང་པོར་མི་ཐོགས་པར་འཚང་རྒྱའོ། ། ཞེས་གསུངས་ཏེ། རྒྱན་ལས་ཆོས་སྐུའི་འཕྲིན་ལས་ཀྱི་སྐབས་སུ་དང་པོར་འགྲོ་བཞི་པའི་འཕྲིན་ལས་ཞེས་ངན་སོང་གསུམ་སོགས་མི་ཁོམ་པའི་གནས་ལས་དྲངས་ཏེ་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་རྟེན་བཟང་པོ་ལ་བཀོད་ནས་རིམ་གྱིས་མི་གནས་པའི་མྱང་འདས་ལ་འགོད་དགོས་པར་གསུངས་པ་དང་གནད་འདྲ་ཞིང་། དེ་ཐམས་ཅད་ཀྱང་དཀོན་མཆོག་གི་ཐུགས་རྗེ་ཁོ་ན་ལ་བརྟེན་པ་ཡིན་ཏེ། ཆོས་རྒྱལ་མྱ་ངན་མེད་ཀྱིས། མཐོ་རིས་ཐོབ་བྱེད་ངན་སོང་སྤོང་། ། མི་ཡིས་རྟག་ཏུ་བསྟེན་བྱ་སྟེ། ། ཨེ་མའོ་སངས་རྒྱས་ཨེ་མའོ་ཆོས། ། ཨེ་མའོ་བསྟནཔ་ཕུན་སུམ་ཚོགས། ། ཞེས་གསུངས་ཤིང་། སངས་རྒྱས་ལ་བརྟེན་བའི་བསོད་ནམས་ཅུང་ཟད་ཙམ་ཞིག་ཡིན་ཀྱང་མཐར་བྱང་ཆུབ་ཀྱི་རྒྱུར་ངེས་པར་འགྲོ་སྟེ། མདོ་སྡེ་པད་དཀར་ལས། མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། ། ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། ། ཡང་ན་མགོ་བོ་སྐད་ཅིག་འདུད་པ་དང་། ། དེ་བཞིན་ལན་གཅིག་ལུས་ཀྱང་འདུད་པ་དང་། ། གང་གི་རིང་བསྲེལ་གནས་པ་དེ་དག་ལ། ། གཡེང་བའི་སེམས་ཀྱིས་སངས་རྒྱས་ཕྱག་འཚལ་ཞེས། ། ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། ། དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་འཐོབ། ། ཅེས་གསུངས་པ་ལྟར་རོ། ། འདི་དག་ནི་མན་ངག་ནས་འབྱུང་བའི་ཕན་ཡོན་འདུས་ཆེ་ལ་དངོས་ཟིན་གོ་བདེ་བའི་དབང་གིས་བླ་མ་རྣམས་ཀྱིས་ཁྲིད་རྒྱུན་ལ་གཙོ་བོར་གསུངས་པ་བཞིན་བཀོད་པ་ཡིན་ཞིང་། བསྡུ་བ་ལས། བསོད་ནམས་ཆེན་པོ་འཐོབ་པ། སངས་རྒྱས་རྗེས་སུ་དྲན་པའི་དགའ་བ་དང་མི་འབྲལ་བ། ཏིང་ངེ་འཛིན་བརྟན་པོ་རྙེད་པ། ཤེས་རབ་ཀྱི་མཐུས་སྲིད་པ་ལས་གྲོལ་བ་བཞི་དང་། དཀར་ཕྱོགས་ཀྱི་ལྷ་ལ་སོགས་པའི་སྲུང་བ་ཆེན་པོ་དང་ལྡན་པ། གྲོགས་ངན་སོགས་ལ་བརྟེན་ནས་བསགས་པའི་སྡིག་པ་ཟད་པ། སྐྱེས་བུ་དམ་པའི་གྲངས་སུ་ཚུད་པ། ལྷ་རྣམས་དགའ་བར་འགྱུར་བ་དང་བཞི་སྟེ་བརྒྱད་གསུངས་སོ། ། དེ་ལྟར་ཕན་ཡོན་རྣམས་ལ་བློ་ལེགས་པར་གོམས་ན་ཚབས་གདུངས་པའི་གླང་བོ་ཆེ་པད་མཚོར་འཇུག་པ་བཞིན་གཞན་གྱིས་བསྐུལ་མི་དགོས་པར་ངང་གིས་སྐྱབས་འགྲོ་ལ་འཇུག་པ་དང་། དེའི་བསླབ་བྱ་རྣམས་ལའང་ཁུར་གྱི་འདུ་ཤེས་མེད་པར་རྒྱན་དུ་གོ་བས་སྲུང་བ་ལ་ཚེགས་མེད་པ་ཞིག་འབྱུང་ངོ། །
       ༤བཞི་པ་སྐྱབས་འགྲོའི་བསླབ་བྱ་ནི། དཀོན་མཆོག་གི་ཐུགས་རྗེ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་ཀྱང་། དེར་སྐྱབས་སུ་སོང་བ་ཙམ་གྱིས་མི་ཆོག་གི་སྐྱབས་འགྲོའི་བསླབ་བྱ་ལ་ལེགས་པར་སློབ་དགོས་ཏེ། དཔེར་ན་དགྲ་མ་རུངས་པས་གཙེས་པའི་ཚེ་རྒྱལ་པོ་ཆེན་པོ་སོགས་ལ་མགོན་བཙལ་ན་དེས་སྐྱོབ་ནུས་ཀྱང་། རྒྱལ་པོ་དེ་ཉིད་ཀྱི་བཀའ་ཁྲིམས་མ་བརྩིས་ན་དེར་ཡང་ཆད་པ་འཕོག་པ་བཞིན། དཀོན་མཆོག་ལ་སྐྱབས་སུ་སོང་ཡང་དེའི་བསླབ་བྱ་ལས་འབྲས་ཀྱི་བླང་དོར་སོགས་སངས་རྒྱས་ཀྱི་བཀའ་ཁྲིམས་བཞིན་དུ་མ་བསྲུངས་ན་དཀོན་མཆོག་གིས་ཀྱང་སྐྱོབ་ཐབས་དང་བྲལ་འགྲོབ་ཆོས་ཉིད་ཡིན་པས་བསླབ་བྱའི་རིམ་པ་འདི་ལ་ནན་ཏན་སྙིང་པོར་བྱས་ཏེ་འབད་དགོས་སོ། ། དེའང་བསྡུ་བ་ལས། བཤེས་གཉེན་དམ་པ་བསྟེན་པ། དེ་ལས་ཆོས་ཉན་པ། ཆོས་ཀྱི་དོན་ཡིད་ལ་བྱེད་པ། དེ་ཐར་པའི་རྒྱུར་འགྲོ་ངེས་སུ་བསྒྲུབ་པ་བཞི་དང་། སྒོ་གསུམ་བག་མེད་དུ་མི་གཏོང་བ། བསླབ་གཞི་ཅི་ནུས་སུ་འཛིན་པ། སྙིང་རྗེའི་དབང་གིས་སེམས་ཅན་གཞན་ཡང་དེ་ལ་སྦྱོར་བ། བཀའ་དྲིན་རྗེས་སུ་དྲན་ནས་རྟག་ཏུ་དཀོན་མཆོག་མཆོད་པ་ལ་བརྩོན་པ་དང་བཞི་སྟེ་བརྒྱད་གསུངས་སོ། ། འདི་རྣམས་ནི་གྲོང་ཁྱེར་ཆེན་པོའི་ལྕགས་རི་བཞིན་མཐའ་ནས་བསྲུང་སྟེ་ཉེས་ལྟུང་འགོག་ཚུལ་རྒྱ་ཆེན་པོའི་དབང་དུ་བྱས་པ་ཡིན་ལ། ལས་དང་པོར་གནད་ཐོག་ཏུ་མེ་བཙའ་བཏབ་པ་བཞིན་འབྱུང་ཉེ་བའི་དགག་བྱ་རྣམས་དམིགས་ཕུག་སྟེ་འགོག་ཚུལ་དང་ལག་ལེན་ཡང་འཕྲལ་དུ་གང་གཙོ་ངོས་བཟུང་ནས་བསྟན་ན་ཕན་ཆེ་བས་འདིར་མན་ངག་ནས་འབྱུང་བ་བཞིན་བཤད་པ་ལ་གཉིས། སོ་སོའི་བསླབ་བྱ་དང་། ཐུན་མོང་གི་བསླབ་བྱའོ། ། དངཔོ་ལ་གཉིས། དགག་པའི་བསླབ་བྱ་དང་། སྒྲུབ་པའི་བསླབ་བྱའོ། ། དང་པོ་ནི། མྱ་ངན་ལས་འདས་པ་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། ། དེ་ནི་ཡང་དག་དགེ་བསྙེན་ཏེ། ། ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། ། དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གསོད་པའི་སེམས་དང་བྲལ། ། དགེ་འདུན་ལ་ཡང་སྐྱབས་འགྲོ་བ། ། མུ་སྟེགས་ཅན་དང་འགྲོགས་པ་མིན། ། ཞེས་གསུངས་བ་ལྟར། སངས་རྒྱས་ལ་སྐྱབས་སུ་སོང་བས་འཇིག་རྟེན་པའི་ལྷ་ལ་གཏན་གྱི་སྐྱབས་མི་འཚོལ། དེའང་ཚངས་པ་དང་དབང་ཕྱུག་སོགས་ལའང་གཏན་གྱི་སྐྱབས་མི་འཚོལ་ན། ཡི་དྭགས་ཀྱི་རིགས་སུ་གྱུར་པའི་ལྷ་འདྲེ་ལ་སྐྱབས་མི་འཚོལ་བ་ལྟ་ཅི་སྨོས། གཞི་བདག་སོགས་ལ་གཏོར་མ་གཏོང་བའི་ཚེ་སྙིང་རྗེའི་བསམ་པ་དང་གནས་སྐབས་ཀྱི་གྲོགས་འཆོལ་བའི་བསམ་པས་གཏོང་ཞིང་ཕུགས་ཀྱི་རེ་ལྟོས་མི་འཆའ་བ་གལ་ཆེ་སྟེ། གནས་སྐབས་ཀྱི་བྱ་བ་ཕྲན་བུ་རེའི་གྲོག་བྱས་པ་ལ་མགོ་འཁོར་ཏེ་གཏན་གྱི་འདུན་མའི་རྩ་བ་འབྱུགས་ན་ཉེན་ཤིན་ཏུ་ཆེ། ཆོས་ལ་སྐྱབས་སུ་སོང་ན་ཆོས་དང་མཐུན་དགོས་ཤིང་། དེའང་བཞི་བརྒྱ་པ་ལས། མདོར་ན་ཆོས་ནི་མི་འཚོ་བར། ། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་ཆོས་ཀྱི་ངོ་བོ་མི་འཚེ་པར་གསུངས་པ་ཡིན་པས། བསླབ་བྱའང་སེམས་ཅན་ལ་གནོད་འཚེ་སྤོང་ཞིང་མུ་སྟེགས་ཅན་གྱི་གཞུང་སོགས་ལོགས་པའི་ཆོས་ལ་ཡིད་བརྟན་མི་འཆའ། དགེ་འདུན་ལ་སྐྱབས་སུ་སོང་བས་གྲོགས་མུ་སྟེགས་ཅན་དང་མི་འགྲོགས་ཤིང་། ལས་འབྲས་ལ་ཡིད་མི་ཆེས་ཤིང་ཆོས་ལ་སྐུར་པ་འདེབས་པའི་མི་དང་མཛའ་གྲོགས་མི་བྱེད་དེ། དམ་ཚིག་ཉམས་པ་དང་འགྲོག་ན་དེའི་ཉམས་གྲིབ་ཀྱིས་ཡོན་ཏན་ཐམས་ཅད་འགྲིབ་ཅིང་དངོས་གྲུབ་ཀྱི་སྒོ་འགག་པར་གསུངས་སོ། ། གཉིས་པ་སྒྲུབ་པའི་བསླབ་བྱ་ནི། སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་པ་དང་འབུར་དུ་དོད་པ་གང་ལའང་བཟང་ངན་དང་ལེགས་ཉེས་སོགས་ཀྱི་སྐྱོན་མི་གདགས་པར་བདག་འཁོར་བ་ལས་སྒྲོལ་བའི་སྟོན་པ་ཐུགས་རྗེ་ཅན་དེའི་སྐུའོ་སྙམ་དུ་གུས་པ་བསྐྱེད་ཅིང་ཕྱག་དང་མཆོད་པ་སོགས་བྱ། ད་ལྟ་རང་ཅག་ལ་ཆོས་སྟོན་པ་སོགས་མི་མཛད་པ་ནི་རང་གི་ལས་སྣང་མ་དག་པའི་དབང་གིས་མ་མཐོང་བ་ཡིན་གྱི་སྟོན་བའི་ནུས་པ་མེད་པ་མིན་ཏེ། སར་གནས་ཀྱི་སེམས་དཔའ་རྣམས་ལ་སངས་རྒྱས་ཀྱི་སྐུ་བརྙན་མཐའ་དག་གིས་ཆོས་སྟོན་པ་སོགས་མཛད་པར་མདོ་སྡེ་རྒྱན་ལས་གསུངས་སོ། ། དེས་ན་བཟོ་དང་རྒྱུ་སོགས་ལ་མ་ལྟོས་པར་སྐྱབས་ཡུལ་མཆོག་ཏུ་འཛིན་དགོས་ཏེ་བཤེས་སྤྲིངས་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲ་ཡང་རུང་མཁས་པས་མཆོད། ། ཅེས་གསུངས་སོ། དམ་པའི་ཆོས་ཚིག་བཞི་པ་ཞིག་ཡན་ཆད་ལ་འགོམ་ཡུག་དང་ས་སྒྲེ་བོ་ལ་འཇོག་པ་དང་བཟང་ངན་གྱི་སྐྱོན་རྟོག་སོགས་སྤོང་ཞིང་། བདག་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་བར་བྱེད་པའི་སྐྱབས་དངོས་དེ་འདིའོ་སྙམ་དུ་གུས་པ་བསྐྱེད་ཅིང་ཕྱག་དང་མཆོད་པ་སོགས་བྱ། ད་ལྟ་གཞུང་ལུགས་ལ་ཅུང་ཟད་སྦྱངས་པར་རློམ་པ་འགའ་ཞིག་ཆོས་དཀོན་མཆོག་ལ་འགོག་ལམ་གང་རུང་གིས་ཁྱབ་པ་རྒྱུ་མཚན་དུ་བྱས་ནས་ལུང་གི་ཆོས་རྣམས་སྐྱབས་ཡུལ་དུ་མི་བརྩི་བ་ཤིན་ཏུ་མི་རུང་སྟེ། །རྒྱུད་ལས། བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ། ། དམན་པས་འཇིགས་པ་རྣམས་ཀྱི་རྒྱལ་བྱེད་ཚལ། ། སྲིད་པའི་འབྱོར་པ་ཟིལ་གྱིས་གནོན་པའི་མཆོག ། གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི། ། ཞེས་ཆོས་དཀོན་མཆོག་གི་ཐད་དུ་ལུང་གི་ཆོས་གསུངས་པ་འདི་གོ་དགོས། ད་ལྟ་འདི་ལ་ཆོས་དཀོན་མཆོག་དང་སྐྱབས་དངོས་བྱས་ནས་རང་རྒྱུད་ལམ་བསྟེན་པར་འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་དངོས་དེ་རྒྱུད་ལ་སྐྱེ་ཐབས་མེད་པས་འདི་གལ་ཆེ་ཞེས་སྐྱབས་མགོན་རྡོ་རྗེ་འཆང་དཀོན་མཆོག་འཇིགས་མེད་དབང་པོས་གསུངས་སོ། ། དེ་ལྟར་རང་གི་རྒྱུད་ཚོད་དང་མཐུན་པར་ཆོས་དཀོན་མཆོག་འགྲུབ་པའི་ཚུལ་འདི་ནི་རྗེ་ཐམས་ཅད་མཁྱེན་པའི་དགོངས་པ་རྨ་མེད་པ་ཡིན་ཏེ། ལམ་རིམ་ལས། མཐའི་ཆོས་དཀོན་མཆོག་དེའང་ལས་དང་པོ་པའི་དུས་ཀྱི་སྐྱོན་ཕྱོགས་རེ་ཙམ་སྤོང་བའི་སྤངས་པ་དང་ཡོན་ཏན་ཕྱོགས་རེ་ཙམ་སྒྲུབ་པའི་རྟོགས་པ་གཉིས་གོང་ནས་གོང་དུ་ཁྱད་ཞུགས་པར་སོང་བ་ལ་འཇོག་གི་དེ་ལས་གཞན་གློ་བུར་དུ་འབྱུང་བ་མིན་ནོ། ། ཞེས་གསུངས་པའི་ཕྱིར། དགེ་འདུན་ལ་སྐྱབས་སུ་སོང་ནས་དགེ་འདུན་གྱི་རྟགས་ཙམ་འཆང་བ་ཡན་ཆད་ཐམས་ཅད་ལ་མ་གུས་པ་སྤོང་ཞིང་། དགེ་སློང་བཞི་སྡེ་ཡན་ཆད་ལ་བདག་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་བར་བྱེད་པའི་གྲོགས་དགེ་འདུན་དེ་འདིའོ་སྙམ་དུ་གུས་པ་བསྐྱེད་ཅིང་བསྙེན་བཀུར་ལ་བརྩོན་པར་བྱ་སྟེ་ཚུལ་འཆལ་དགེ་སྦྱོང་གི་རྟགས་འཆང་བ་ལའང་བརྙས་སྨོད་པ་རྡེག་འཚོག་སོགས་བྱས་ན་སྟོན་པ་དང་བསྟན་པ་ལམ་གུས་པའི་ཉེས་པ་ཆེན་པོར་འགྱུར་བའི་ཚུལ་ནམ་མཁའི་སྙིང་པོའི་མདོ་དང་། སའི་སྙིང་པོའི་མདོ། ཟླ་བ་སྙིང་པོའི་ལེའུ་སོགས་ལས་གསུངས་བ་དང་། སྙིང་རྗེ་པད་དཀར་ལས་བསྐལ་བཟང་སངས་རྒྱས་སྔ་མ་རྣམས་ཀྱི་བསྟན་པ་ལ་རབ་བྱུང་གི་རྟགས་ཙམ་འཆང་བའང་སངས་རྒྱས་མོས་པ་ཚུན་ཆད་ལ་གྲོལ་བར་གསུངས་པའི་ཕན་ཡོན་དང་ཉེས་དམིགས་ཀྱི་སྒོ་དུ་མ་ནས་བསམས་ཏེ་གཟབ་དགོས་སོ། ། དགེ་བཤེས་སྟོན་པ་དང་རྣལ་འབྱོར་པ་ཆེན་པོས་ལྷན་པ་སེར་པོ་རེ་འགོམ་པའི་སར་ཡོད་པའང་མི་འགོམ་པར་སྤྲུགས་ནས་གཙང་སར་སྐྱེལ་བའི་ཕྱག་ལེན་ལྟར་བསླབ་སྟེ། རང་ཉིད་དཀོན་མཆོག་ལ་གུས་པ་དེ་ཙམ་དུ་འགྲོ་བ་རྣམས་ཀྱང་རང་ལ་ཆེས་ཆེར་གུས་པར་འགྱུར་བའི་ཕྱིར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཅི་འདྲ་བ་ཡི་ལས་བྱས་པ། ། འབྲས་བུ་དེ་འདྲ་ཐོབ་པར་འགྱུར། ། ཅེས་སོ། ལྷག་པར་ད་ལྟ་ཆགས་སྡང་གི་ཞེ་རུས་འཐེན་པ་ལ་བསྟན་པའི་བྱ་བར་སྒྲོ་བཏགས་ཏེ་ཁྱེད་ཚོ་དང་ངེད་ཚོ་ཞེས་སྡེ་རིས་སུ་བཅད་ནས་འཁྲུགས་པ་བྱེད་པ་ལེགས་ཚོགས་ཀྱི་རྩ་བ་གཅོད་པའིཉེས་དམིགས་ཤིན་ཏུ་ཆེའོ། ། གཉིས་པ་ཐུན་མོང་གི་བསླབ་བྱ་ལ་དྲུག་ལས་དང་པོ་ནི། སྐྱབས་འགྲོའི་ཁྱད་པར་རྣམས་ཡང་ཡང་གསལ་བཏབ་ནས་སྐྱབས་འགྲོ་མཚན་ཉིད་ཚང་བ་ལ་གོམས་པར་བྱེད་པའོ། ། གཉིས་པ་ནི། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་སྟེ། དེ་ཐམས་ཅད་དཀོན་མཆོག་གི་བཀའ་དྲིན་དུ་རྗེས་སུ་དྲན་པ་ཞིག་བྱུང་ན་གང་བཟང་ས་ནས་དཀོན་མཆོག་ལ་འབུལ་དགོས་པ་ཞིག་འབྱུང་ངོ། ། གསུམ་པ་ནི། དཀོན་མཆོག་གི་ཡོན་ཏན་དང་བཀའ་དྲིན་མཐོང་བ་ན་སེམས་ཅན་གཞན་རྣམས་ཀྱང་སྙིང་བརྩེ་བ་དེའི་སྐྱབས་འོག་ཏུ་འཇུག་པའི་ཐབས་ཅི་ནུས་སུ་བྱེད་དོ། ། བཞི་པ་ནི། བྱ་བ་ཅི་འདྲ་ཞིག་བྱེད་པ་དང་དགོས་པ་ཅི་ཞིག་མཐོང་ཡང་དཀོན་མཆོག་གསུམ་ལ་བརྟེན་པ་དང་། དེ་དག་དང་རྗེས་སུ་མཐུན་པའི་དཀོན་མཆོག་མཆོད་པ་སོགས་བྱ་ཡི། དེ་དག་དང་མི་མཐུན་པའི་བོན་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་བརྟེན་དུ་མི་རུང་བས་དུས་ཐམས་ཅད་དུ་དཀོན་མཆོག་ལ་བློ་ཁེལ་བར་བྱ། ཁ་ཅིག་ཆོས་པས་སྨན་འཐུང་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་བར་སྨྲ་བ་ནི་གནད་མ་གོ་བ་ཡིན་ཏེ། དཀོན་མཆོག་གིས་མ་ཕན་པར་སྨན་གྱིས་ཕན་པ་ལྟ་བུར་གོ་ན་མི་རུང་བ་ཡིན་གྱི། སྨན་གཏན་ནས་མི་འཐུང་ན་ཟས་ཐམས་ཅད་ཀྱང་སྨན་བཞིས་བསྡུས་པས་དགེ་སློང་གིས་ཟས་ཀྱང་ཟ་མི་རུང་བར་འགྱུར་ལ། སྨན་བསྟེན་ཚུལ་ལུང་སྨན་གྱི་གཞི་ལས་ཀྱང་གསུངས་ཡོད་པས། དེས་ན་སྨན་དེའང་སངས་རྒྱས་ཀྱི་ཐུགས་རྗེ་དང་འཕྲིན་ལས་ཀྱི་ཆ་ཤས་སུ་གོ་ནས་བསྟེན་དུ་རུང་བར་འཇམ་མགོན་ས་པཎ་གྱིས་ཐུབ་པའི་དགོངས་པ་རབ་ཏུ་གསལ་བ་ལས་གསུངས་སོ། ། ལྔ་པ་ནི། སྔར་བཤད་པའི་ཕན་ཡོན་རྣམས་བསམས་ཏེ་ཉིན་མཚན་དུས་དྲུག་ཏུ་སྐྱབས་འགྲོ་བྱེད་པའོ། ། དྲུག་པ་ནི། སྲོག་གི་ཕྱིར་ཡང་སྐྱབས་འགྲོ་མི་གཏོང་བ་སྟེ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། སྲོག་དང་བྲལ་ཞིང་ཤི་བ་ནི་སླ་ཡི། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ཞིང་ཤི་བས་ནི་སྐྱེ་བ་འདི་ཉིད་ཀྱི་ཚེ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྷུང་བ་ཆེན་པོ་ཉམས་སུ་མྱོངབར་འགྱུར་རོ། ། ཞེས་གསུངས་པ་བཞིན་ལུས་སྲོག་ལོངས་སྤྱོད་ནི་གདོན་མི་ཟ་བར་འབྲལ་བས། དེ་དག་གི་ཕྱིར་དུ་དཀོན་མཆོག་བཏང་ན་ནི་ཚེ་རབས་ཀུན་ཏུ་སྡུག་བསྔལ་བརྒྱུད་མར་འབྱུང་བའི་ཕྱིར་ཅི་ལ་བབ་ཀྱང་སྐྱབས་མི་བཏང་ངོ་སྙམ་དུ་དམ་འཆའ་ཞིང་། བཞད་གད་ཙམ་གྱི་ཕྱིར་དུའང་སྐྱབས་གཏོང་བའི་ཚིག་སྨྲ་བར་མི་བྱ་བ་ལིའི་རྒྱལ་པོའི་རྣམ་ཐར་བཞིན་བྱ། ཁ་ཙམ་གྱིས་ཀྱང་དཀོན་མཆོག་གཏོངབའི་ཚིག་མི་སྨྲ་བར་མ་ཟད། སྐྱིད་སྡུག་བྱ་བྱེད་ཀུན་གྱི་ཚེ་དཀོན་མཆོག་མཁྱེན་རང་ཟེར་བ་ཞིག་ལ་བསླབ་ན་འཆི་ཁའི་ཚེའང་དཀོན་མཆོག་དྲན་པ་ཞིག་ངེས་པར་འབྱུང་ལ་དེ་བྱུང་ན་ཕྱི་མ་ངན་སོང་དུ་མི་གཏོང་བ་ཐག་ཆོད་པར་མ་ཟད། དེའི་རྣམ་སྨིན་དང་རྒྱུ་མཐུན་གྱིས་ཚེ་རབས་ཕྱི་མ་ཐམས་ཅད་དུ་དཀོན་མཆོག་གསུམ་དང་མི་འབྲལ་ཞིང་དེའི་སྐྱབས་འོག་ཏུ་ཚུད་པས་ལེགས་ཚོགས་ཐམས་ཅད་ལྷུན་གྱིས་གྲུབ་པ་ཞིག་འབྱུང་ངོ། ། དེས་ན་བསྟན་པ་མཐའ་དག་གི་འཇུག་སྒོ་དང་གཞུང་ཤིང་དམ་པར་གྱུར་པ་བྱ་སླ་ལ་དོན་ཆེ་བའི་གདམས་པའི་སྙིང་པོ་འདི་ལྟ་བུ་ལ་ཉམས་ལེན་གྱི་མཐིལ་དུ་བྱེད་པ་ནི་དལ་བའི་རྟེན་བཟང་དོན་ལྡན་དུ་སྒྲུབ་པའི་ཐབས་ཀྱི་ཡང་རྩེ་རྒྱལ་བ་སྲས་བཅས་ཀྱིས་བསྔགས་པའིཡུལ་དུ་གྱུར་པ་ཡིན་ནོ། ། སྨྲས་པ། དཀོན་མཆོག་རྣམ་གསུམ་འདུས་པའི་ངོ་བོ་ཉིད། ། འཇིགས་པ་ཀུན་སེལ་སྐྱོབ་པ་ཟླ་མེད་པ། ། ཐུབ་དབང་གཉིས་པ་ཆོས་ཀྱི་རྒྱལ་པོ་དེས། ། ད་དུང་བྱང་ཆུབ་བར་དུ་བརྩེ་བས་སྐྱོངས། ། གང་གི་ཐུགས་རྗེ་ག་པུར་ཟེགས་མ་ཡིས། ། སྲིད་ཞིའི་ཚ་གདུང་རྒུད་པ་འཕྲོག་བྱེད་པའི། ། སྐྱབས་ཀྱི་དམ་པ་མཆོག་གསུམ་ཀུནྡའི་གཉེན། ། ལུས་ཅན་བདེ་འབྱུང་གཙུག་ན་མཛེས་གྱུར་ཅིག ། མི་བཟད་སྲིད་པའི་འབྲོག་དགོན་ཉམ་ང་བར། །ལས་ཉོན་གཅན་གཟན་གདུག་པས་གཙེས་པ་རྣམས། ། མཆོག་གསུམ་བྱིན་རླབས་ཐུགས་རྗེའི་གྲོང་ཁྱེར་དུ། །འཇུག་པའི་ལམ་བཟང་མ་ནོར་བསྟེན་པ་གཅེས། ། ཅི་ཡང་མི་གསལ་བསྡུས་པའི་ཚེ་གཅིག་ཟླ། ། མ་ཡིན་འབྲིང་དུ་བཀོད་པའི་ཟླ་ཕྱེད་འདིས། ། རིགས་འགྲེས་རྫོགས་པར་མཚོན་ལ་ཚིག་ཚོགས་ཆ། ། གང་ན་སྒྱིད་ལུག་སྒྲ་གཅན་སྡང་གིས་དོགས། ། འདིར་འབད་དགེ་བསམ་རྒན་འགྲོ་བ་རྣམས། ། དཀོནམཆོག་གསུམ་གྱིས་འབྲལ་མེད་རྗེས་འཛིན་ཅིང་། ། བསྟན་པའི་སྙིང་པོ་ཚུལ་བཞིན་སྒྲུབ་པ་ཡིས། ། སྟོན་པ་མཆོག་དེའི་གོ་འཕང་མྱུར་ཐོབ་ཤོག །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]