ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> ཡུལ་སྲོལ། >> ས་རིས་འབྲི་གཞོང་བཟོ་བའི་ལག་ཤེས།

ས་རིས་འབྲི་གཞོང་བཟོ་བའི་ལག་ཤེས།

[རྩོམ་གྱི་ཡོང་ཁུངས། བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ་ལས།] [རྩོམ་པ་པོ། འཕྲིན་ལས་རྒྱལ་མཚན་སོགས།] [ཟླ་ཚེས། 11-04-19] [ཀློག་གྲངས། ]

         ༡. རྒྱུ་སྟག་པ་སོགས་སྲ་ཤིང་གི་རིགས་ལས་བྱས་པའི་གྲུ་བཞི་ནར་མོ་སྟེ་ཕལ་ཆེར་དཔང་ལ་སོར་སོ་ལྔ་དང་། ཞེང་ལ་སོར་བཅོ་བརྒྱད་ཅན་ཚད་ལྡན་ཡིན། དེ་བས་ཆེ་བ་དང་ཆུང་བ་སོགས་སྟབས་ཅི་བདེར་ཡིན་པ་འདྲ། དེ་ཉིད་དཔང་དུ་སོར་དགུ་ཐལ་སྒྲོམ་དང་སོར་ཉེར་དྲུག་རྩིས་གཞོང་ངམ་སམ་གས་བཅས་ངོས་གཉིས་ལས་གྲུབ་པ་ཞིག་ཡིན། ཐལ་སྒྲོམ་གྱི་མདུན་ཕྱོགས་སུ་དབྱིབས་གའུ་མགོ་ལྟར་སྒྲོས་ཉམས་ཅན་ལ་ཉི་རྐང་དང་ཟླ་རྐང་རེའུ་མིག་གམ། གླེགས་རལ་རི་མོ། གོ་ལ། འཇམ་དཔལ་དབྱངས་སོགས་ཅི་བདེར་འབྲི་བ་དང་། གཞོང་མཐིལ་ཤེལ་ངོས་ལྟར་འཇམ་ཞིང་ཚོས་དཀར་ནག་གང་རུང་བྱས་ཀྱང་རུང་། སྤྱིར་ས་གཞོང་གི་ནང་ངོས་དཔལ་དུས་ཀྱི་འཁོར་ལོའི་གཞལ་ཡས་ཁང་མཚོན། ཕུན་ཚད་ཙམ་གྱིས་མཐའ་ཡོངས་སུ་བསྐོར་བ་རི་མོ་གཉིས་འབྲེལ་ཅན་ཡིན། ས་སྒམ་གྱི་ནང་ངོས་སུ་བུ་ག་ཆུང་ངུ་ཞིག་ལ་སྒོ་འདེམས་རྒྱག་ཆོག་པ་སྟེ་ཐལ་བ་བསྡུ་འགྲེམ་བྱེད་བདེ་བ་དང་། རྒྱུན་པར་བེད་སྤྱོད་མི་བྱེད་པའི་སྐབས་ཐལ་བ་བོར་བརླག་མི་ཤོར་བར་ཕན་པ་ཡོད། མཐའ་སྐོར་དུ་ཚོན་དམར་དང་། མཐའི་ཉིས་འབྲེལ་རི་མོར་ཚོན་སེར་དང་གསེར་རིས་འབྲི་བར་བྱ་དགོས།
      ༢. ས་རིས་འབྲི་བྱེད་ལ་རྩིས་ཐུར་ཟེར། རྒྱུ་རབ་གསེར་དངུལ་ཟངས་དང་། འབྲིང་ལྕགས། ཐ་མ་སྨྱུག་མ་སོགས་ལས་གྲུབ་པའི་འབྲི་བྱེད་ཐུར་མ་རྩེ་རྣོན་པོ་དང་། ཡུ་བར་རལ་གྲི་སོགས་ཀྱིས་མཛེས་པར་བརྒྱན་པ། རིང་ཐུང་སོར་བཅོ་བརྒྱད་ཡོད་པ་དྲང་ཞིང་རྒྱུད་མཁྲེགས་པ་ཞིག་དགོས། རྩེ་མོར་རལ་གྲི་བྱ་དགོས་དོན་ནི། ས་རིས་ཀྱི་ཆོ་ག་དངོས་ལ་འཇུག་སྐབས། ས་བདག་སོགས་བདུད་ཀྱིས་གནོད་མི་ཚུགས་པའི་དགོས་པ་དང་། འཇམ་དཔལ་དབྱངས་ཀྱི་ཤེས་རབ་མཚོན་པའང་ཡིན། ཕྲ་སྦོམ་རན་པར་དྲང་དགོས་པ་ནི། སྒྲིབ་གཉིས་ཀྱི་དྲི་མ་བསལ་ཞིང་དཔལ་དུས་ཀྱི་འཁོར་ལོའི་དགོངས་པ་དྲི་མ་མེད་པར་རྟོགས་ཐུབ་པར་མཚོན།
      ༣. ས་གཞོང་དུ་ཡོད་པའི་ཐལ་བ་ནི། རབ་སེམས་ཅན་ཤི་ཟིན་པའི་རུས་གོང་མེར་བསྲེགས་པའི་ཐལ་བ་དཀར་པོ་དང་ནག་པོ། འབྲིང་ས་དཀར་སོགས་ཞིབ་བརྡུང་གི་ཕྱེ་མ། ཐ་མ་ཆུ་ཁའི་བྱེ་མ་ཞིབ་མོ་བཅས་ཡིན། གྲུབ་རྩིས་ཀྱི་ལྔ་བསྡུས་ཆ་ཚང་བརྩིས་ཟིན་རྗེས། ཐལ་བ་དེ་སྲོག་ཆགས་ཤི་བའི་རོ་སྟེང་དུ་བླུགས་ན། སེམས་ཅན་དེ་བདེ་འགྲོ་མཐོ་རིས་ཀྱི་ལུས་སུ་སྐྱེ་ཐུབ་པར་སྔོན་བྱོན་དམ་པ་དག་གི་ཞལ་རྒྱུན་ཡིན།
༤. ས་རིས་འབྲི་བའི་ཚེ་འབྲི་བྱེད་ཀྱི་རྩེ་ནས་མར་སོར་གསུམ་འཇལ་བའི་མཚམས་སུ། མཐེ་བོང་དང་མཛུབ་མོ་གཉིས་ཀྱིས་ཅུང་བསྙལ་ནས་དཀྱིལ་མཛུབ་དང་། སྲིན་མཛུབ་གཉིས་ཀྱི་མཛུབ་བར་ནས་ཡུ་བ་ཕྱིར་བཏང་ནས་བཟུང་། དཀྱིལ་མཛུབ་དང་། སྲིན་མཛུབ། མཐེའུ་ཆུང་གསུམ་གྱིས་བསྒྱུར་བཀོད་སོགས་རི་མོ་དོར་བྱ་རྣམས་མི་མངོན་པར་བསུབ་པས་ངོས་གཙང་ཞིང་ཁོད་སྙོམ་པོར་བྱེད་ཐུབ་པ་སོགས་ཀྱི་དགེ་མཚན་ཡོད་དོ། ། 
      ༥. བརྩི་ཐབས་ནི། ལུས་ལག་བྲིས་དང་མ་བྲལ་བ། ངག་དགུ་མཐའ་དང་མ་བྲལ་བ། ཡིད་གནས་གཞན་དང་མ་བྲལ་བ་སོགས་འབྱུང་བའི་ཆ་རྐྱེན་གྱི་རྩི་ཐབས་འདི་ལས་གདོད་མའི་དུས་ན། ཕྲེང་རྩིས་དང་། ཀློག་རྡུལ་འཕྲུལ་ཆས། གློག་ཀླད་སོགས་ཀྱི་ཡོ་བྱད་མེད་པའི་དུས་སུ། བོད་རང་གི་མཁས་དབང་རྣམས་ཀྱིས་ས་གཞོང་གི་རྩིས་སྤྱད་འདི་ཕལ་ཆེར་གནམ་རིག་སྐར་རྩིས་དར་རྒྱས་ཕྱིན་ནས་བེད་སྤྱོད་བྱེད་ཐུབ་པ་བྱུང་བ་ཞིག་སྟེ། འདི་ལ་ཚན་རིག་ཁྱད་ཆོས་སམ་ཐུན་མིན་གྱི་ཁྱད་ཆོས་ཆེན་པོ་ཡོད་དེ་རྩི་བ་པོའི་མིག་ལ་མི་གནོད་པ་དང་། སྟབས་བདེ་བ་དང་། རིན་རྩ་ཆུང་བ་གྲངས་མང་པོ་བརྩི་ཐུབ་པ་དང་། གྲངས་གནས་བརྩེགས་མ་མང་པོ་བརྩི་ཆོག་པ་སོགས་ཀྱི་དགེ་མཚན་ལྡན།
དེང་རབས་ཕྲེང་རྩིས་ལ་ངག་ཐོག་གི་ཨང་རྩིས་བྱང་ཆ་མེད་ན་བརྩི་དཀའ་བ་དང་། གྲངས་གནས་བརྩེགས་མ་བརྩི་མི་ཐུབ་པའི་སྐྱོན་ཆ་ཡོད་ལ། རྩིས་འཕྲུལ་ལ་སྤྱོད་སྒོ་རྒྱ་ཆེ་ཞིང་གྲངས་ཉུང་ངུ་བརྩི་བར་དགེ་མཚན་ལྡན་རུང་། གྲངས་གནས་མང་པོ་དང་། གྲངས་བརྩེགས་མ་བརྩི་ཐབས་བྲལ་བའི་སྐྱོན་ཆ་ཡོད་དོ། །
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]