ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> ལོ་རྒྱུས། >> ལོ་རྒྱུས་ཀྱི་ལོ་ཚིགས་སྐོར་འགའ་ཞིག།

ལོ་རྒྱུས་ཀྱི་ལོ་ཚིགས་སྐོར་འགའ་ཞིག།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཚེ་ཏན་ཞབས་དྲུང་།] [ཟླ་ཚེས། 11-04-13] [ཀློག་གྲངས། ]

            དེ་ཡང་ལོ་རྒྱུས་སྨྲ་བ་ལ་ལོ་ཚིགས་ཡང་དག་པ་དང་གསལ་བོ་ཞིག་ངེས་དགོས། དེ་གསལ་བོ་ཞིག་ངེས་དཀའ་ན་མ་མཐའ་ལོ་དྲུག་ཅུ་སྐོར་གང་དུ་གཏོགས་པ་ཙམ་ཡིན་ཡང་ཤེས་པ་གལ་ཆེ། དེའི་ཕྱིར་ལོ་རྒྱུས་ཀྱི་ཡིག་ཆ་རྣམས་སུ་ལོ་ཚིག་མ་དག་པ་ཡོད་པ་ཤེས་ན་དེ་ལ་ཁུངས་དང་ལྡན་པའི་སྒོ་ནས་དག་ཐེར་གཏོང་དགོས། དེ་མིན་ཕྱིས་འབྱུང་ལོ་རྒྱུས་སྨྲ་བ་རྣམས་ལ་ངན་རྐྱེན་ཐེབས་འགྲོ།

       ཡང་། ལོ་རྒྱུས་ཀྱི་ཡིག་ཆ་རྣམས་སུ་ལོ་ཚིགས་ཀྱི་ཐད་ལ་ཐེ་ཚོམ་ཟ་བའི་དོགས་པ་ཡོད་ན་ངེས་པར་དུ་གང་གི་ཐད་ལ་དོགས་པ་ཡོད་པ་དེའི་དོགས་པ་སློང་དགོས། དོགས་པ་སློང་ཚུལ་ཡང་། ཡིག་ཆ་རང་གི་སྔ་ཕྱིར་ནང་འགའ་བྱུང་བའམ། ཁུངས་ཚད་ལྡན་གཞན་དང་རྒྱབ་འགལ་དུ་གྱུར་ཡོད་པ་ཅི་རིགས་ཀྱི་སྒོ་ནས་དོགས་པ་སློང་དགོས།

        དེས་ན་འདིར་དང་པོའི་དབང་དུ་བྱས་ནས་བོད་རྒྱལ་ཐོག་མ་གཉའ་ཁྲི་སོགས་ཀྱི་བྱོན་ལོ་ལ་དཔྱད་པ་འདི་ལྟར། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རྩིས་གཞུང་བེེ་དཀར་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་བསྟན་རྩིས། དབལ་མང་དཀོན་མཆོག་རྒྱལ་མཚན་གྱི་བླ་བྲང་གདན་རབས།   བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་མདོ་སྨད་ཆོས་འབྱུང་རྣམས་སུ་ཕུག་ལུགས་སྟོན་པའི་འདས་ལོ་༦༤༥ཤིང་ཕོ་བྱི་བའི་(སྤྱི་ལོ་སྔོན་༢༣༧)ལོར་གཉའ་ཁྲི་བཙན་པོ་བྱོན་པར་བཤད། ལོ་དེ་ནི་ལོ་རྒྱུས་འགར་རྒྱ་གར་རྒྱལ་བོ་མྱ་ངན་མེད་འདས་པའི་ལོ་ཡིན་ཟེར། འོན་ཀྱང་མདོ་སྨད་ཆོས་འབྱུང་ན། གཉའ་ཁྲི་བྱོན་ནས་ལོ་བརྒྱད་བརྒྱ་ང་གཅིག་པ་མེ་གླང་ལ་སྲོང་བཙན་འཁྲུངས་ཟེར་བ་མ་དག་སྟེ། ལོ་བརྒྱད་བརྒྱ་ང་བཞི་བ་ཡིན་དགོས། ནོར་དོན་ནི། ཤིང་བྱི་དེའི་རྗེས་ཀྱི་ལོ་བཞི་པ་ནི་རབ་བྱུང་ཞིག་གི་མགོ་མེ་ཡོས་ཡིན་པས་དེ་ནས་མར་ལ་བརྩིས་པའི་དབང་གིས་ནོར་རམ་སྙམ།

    སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཆོས་འབྱུང་དང་།   རྩིས་གཞུང་མ་བུ་གཉིས་ཀྱི་ནང་གི་བུའི་རྩིས་ཡིག་གཉིས་ཀར། ཕུག་ལུགས་སྟོན་པའི་འདས་ལོ༤༦༥ཤིང་བྱི་ལོར་(སྤྱི་ལོ་༤༡༧)གཉའ་ཁྲི་བྱོན་ཟེར། འདི་ལྟར་ན་སྔ་མ་ལས་ལོ་བརྒྱ་དང་བརྒྱད་ཅུས་སྔ་སོང་། ས་ཆེན་གྲགས་པ་རྒྱལ་མཚན་གྱི་བོད་རྒྱལ་རབས་ལྟར་ན། ཕུག་ལོ་སྟོན་པའི་འདས་ལོ༦༨༢ལྕགས་གླང་ལོར་(སྤྱི་ལོ་སྔོན་༢༠༠)གཉའ་ཁྲི་བྱོན་པར་གསུངས། རྒྱལ་བའི་མཛད་རྣམ་དང་དཔལ་སྤྲུལ་གྱི་བསྟན་རྩིས་སོགས་སུ་ཕུག་ལུགས་སྟོན་པའི་འདས་ལོ༧༥༥ཤིང་སྟག་ལོར་(སྤྱི་ལོ་སྔོན་༡༢༧)གཉའ་ཁྲི་བོད་རྗེར་བྱོན་པར་གསུངས། འདི་འདྲའི་བཤད་ཚུལ་མི་འདྲ་བ་བཞི་ཡོད། བོད་ཀྱི་ལོ་རྒྱུས་སྔ་མ་རྣམས་སུ་གཉའ་ཁྲི་སོགས་གནམ་གྱི་ཁྲི་བདུན་གཤེགས་དུས་རྨུ་ཐག་ལ་བརྟེན་ནས་གནམ་དུ་གཤེགས་པས་གདུང་མ་བྱུང་ཞེས་བོན་པོའི་བཤད་སྲོལ་ཡིན། དབལ་མང་པཎྚི་ཏའི་རྒྱ་བོད་ཧོར་གསུམ་གྱི་ལོ་རྒྱུས་སུ། སངས་རྒྱས་བྱང་སེམས་ཀྱི་གདུང་དང་། རང་བྱོན་ལྔ་ལྡན་སོགས་ཀྱང་མཇལ་རྒྱུ་ཡོད་ན་གནམ་གྱི་ཁྲི་བདུན་གྱི་གདུང་མཇལ་རྒྱུ་མེད་ཅེས་པ་ལ་དཔྱད་རྒྱུ་ཡོད། ཅེས་གསུངས་ཡོད། གཉའ་ཁྲི་བཙན་པོའི་སྒྲ་བཤད་ནི། མི་བཅུ་གཉིས་ཀྱིས་གཉའ་བ་ལ་ཁུར་ནས་གདན་དྲངས་པས་དེ་ལྟར་དུ་བཏགས།

                                                                     ཐོ་ཐོ་རི་སྙན་བཙན། 
       རྒྱལ་རབས་ཉེར་བདུན་པ་ཐོ་ཐོ་རི་སྙན་བཙན་གྱི་བྱོན་ལོ་ལ་མི་མཐུན་པ་མང་། སྡེ་སྲིད་ཀྱི་བེེ་དཀར་ལྟར་ན་ཕུག་ལུགས་སྟོན་པའི་འདས་ལོ༡༡༣༥ཤིང་ཁྱི་ལོ་(སྤྱི་ལོ་༢༥༤)དང་། གཡའ་སེལ་ལྟར་ན་ཕུག་ལུགས་སྟོན་པའི་འདས་ལོ་༡༢༡༤ཆུ་སྦྲུལ་ལོ་(༣༣༣)ལ་འཁྲུངས་པར་བཤད་པས་སྡེ་སྲིད་རང་ལ་འདོད་ཚུལ་གཉིས་བྱུང་། བར་ཁྱད་ལོ་བརྒྱད་ཅུ་ཐམ་པ་རྒྱུགས། གཡའ་སེལ་ལྟར་ན་ཐོ་ཐོ་རི་དགུང་ལོ་བཞིའི་དུས་རྒྱ་ནག་གི་ཧྭ་ཤང་མཚན་སྙན་དང་ལྡན་པ་ཧྥ་ཤན་ཏེ་ཆོས་ཀྱི་གསལ་བ་འཁྲུངས་ཤིང་། ཐོ་ཐོ་རི་དགུང་ལོ་ལྔའི་ཐོག་(སྤྱི་ལོ་༣༣༦)ཏུན་ཧོང་གི་བྲག་ཕུག་ལྷ་རྟེན་བཞེངས་པའི་མགོ་ཚུགས་ཞེས་རྒྱའི་ཡི་གེར་བཤད།

       སུམ་པའི་རྩིས་གཞུང་མ་དང་། བྲག་དགོན་པའི་རྩིས་གཞུང་རིགས་ལྡན་མཆོད་པའི་འོད་སྣང་སོགས་སུ་བེེ་དཀར་གྱི་ལོ་ཚིགས་དང་མཐུན།

     སུམ་པའི་རྩིས་གཞུང་བུ་དང་། ཆོས་འབྱུང་དུ་དེ་ལས་ལོ་བཅུས་སྔ་བ་ཤིང་བྱི་(སྤྱི་ལོ་༢༤༤)ལ་འཁྲུངས་ཟེར། སུམ་པ་རང་ལ་ཡང་འདོད་ཚུལ་གཉིས་བྱུང་། དེའི་ཕྱིར་བསྟན་པའི་དབུ་བརྙེས་པའི་ལོ་ཚིག་ཀྱང་མི་འདྲ།

      ཡང་ལ་ལས། ཐོ་ཐོ་རི་དགུང་ལོ་དྲུག་ཅུ་དང་། ལ་ལས་དགུང་ལོ་བརྒྱད་ཅུའི་ཐོག་དབུ་བརྙེས་ཟེར། སུམ་པའི་ཆོས་འབྱུང་ལྟར་ན་སྤྱི་ལོ་༣༠༣གྱི་ལོ་དང་། བྲག་དགོན་པའི་རྩིས་གཞུང་ལྟར་ན་སྤྱི་ལོ་༣༣༣སྟེང་དབུ་བརྙེས། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་སུམ་རྟགས་འགྲེལ་བར་དགེ་ལུགས་སྟོན་པའི་འདས་ལོ་༡༡༦༧ཆུ་སྦྲུལ་(སྤྱི་ལོ་༣༣༣)ལོ་ལ་བསྟན་པའི་དབུ་བརྙེས་ཟེར་ཏེ་དགུང་ལོ་བརྒྱད་ཅུའི་ཐོག་ལ་འབབ།

       གཡའ་སེལ་ལྟར་ན་ཐོ་ཐོ་རི་དགུང་ལོ་བརྒྱད་ཅུ་བ་ཆུ་བྱི་(སྤྱི་ལོ་༤༡༢)ལ་དབུ་བརྙེས།

       ས་སྐྱའི་ངོར་བ་དཀོན་མཆོག་ལྷུན་གྲུབ་ཀྱི་ཆོས་འབྱུང་ལྟར་ན་འདི་ལས་ལོ་ལྔས་སྔ་བ་མེ་ལུག་(སྤྱི་ལོ་༤༠༧)ལ་ཐོ་ཐོ་རི་དགུང་ལོ་དྲུག་ཅུའི་ཐོག་དབུ་བརྙེས་ཟེར།

      སུམ་པའི་བུ་རྩིས་ལྟར་ན་ཤིང་བྱི་(སྤྱི་ལོ་༣༦༤)ལ་ཐོ་ཐོ་རི་འདས། འདི་ནས་བརྩིས་པའི་ལོ་༢༥༣པ་མེ་གླང་སྲོང་བཙན་འཁྲུངས་ཟེར་ཏེ་འདིའི་ཤིང་བྱི་ནས་བརྩིས་པའི་ལོ་༢༥༣པ་ནི་མེ་བྱི་ཡིན་གྱི་མེ་གླང་ལ་མི་འབབ་པས་ལོ་གཅིག་གི་ནོར་བ་བྱུང་ཡོད་དོ། ལོ་ཚིགས་ཚད་ལྡན་རྩི་བའི་སྐབས་སུ་ལོ་མང་བོ་ལྟ་ཅི། ལོ་གཅིག་གིས་འཆུགས་ན་ཡང་གནོད་སྐྱོན་ཆེན་པོ་ཡོད་དོ། །

        ཐོ་ཐོ་རིའི་རིང་གི་གཉན་པོ་གསང་བ་དེ་གནམ་ལས་བབས་ཞེས་པ་དེ་དུས་བོན་པོ་དར་ཆེ་ཞིང་། བོན་པོ་གནམ་ལ་དགའ་བས་དེ་ལྟར་བཤད། ཡིན་རྒྱུ་ནི་རྒྱ་གར་གྱི་པཎྚི་ཏ་ཆོས་སེམས་བློས་ཁྱེར་ཡོང་ནས་ཐོ་ཐོ་རི་ལ་ཕུལ་བ་ཡིན་ཞེས་བཤད་ན་བློ་ངོར་བདེ། དེའི་ཕྱིར་དབལ་མང་པཎྚི་ཏའི་གསུང་ན་དེབ་སྔོན་དུ་དེ་གནམ་ལས་མ་བབས་ཟེར་བ་ལ། རྒྱལ་དབང་ལྔ་བས། དེ་ནི་བློ་ཆུང་གི་གཏམ་སྟེ། ཞེས་གསུངས་པར། དབལ་མང་གིས་དེ་ཡང་ངེས་ཏེ། གླེགས་བམ་ལོ་ཙཱ་བས་བྱིན་མི་ཆོག་པ་དང་། དེ་ནམ་མཁའ་ལས་འབབ་དགོས་པའི་ངེས་པ་ཡང་མེད་གསུངས་ཡོད།

        མ་ཎི་བཀའ་འབུམ་ལས་གནམ་ལས་བབས་པའི་དཔང་སྐོང་ཕྱག་རྒྱ་བ་སོགས་བོད་ཀྱི་ཡི་གེ་ཡིན་ཞེས་པ་དང་། གསེར་ཏོག་སུམ་འགྲེལ་དུ་ལཉྫའི་གཟུགས་ཟེར་བ་ལས་སྔ་མ་ནི་བོད་རྟོག་བཟོ་ལ་དགའ་བ་ཚོས་ལྷད་བརྒྱབ་པ་སྟེ་དེ་དུས་བོད་སྤྱི་ལ་དར་བའི་བོད་ཡིག་ནི་མེད་པར་འདོད་དགོས། དེའི་ཕྱིར་སྲོང་བཙན་གྱི་དུས་ཐོན་མིས་བོད་ཡིག་གསར་བཟོས་བྱས་པའི་རྗེས་སུ་གཉན་པོ་གསང་བའི་ཁྲོད་ཀྱི་མདོ་དང་གཟུངས་རྣམས་རྒྱལ་བོའི་བཀས་ཐོན་མིས་གསར་དུ་བསྒྱུར་བ་ལགས་ཏེ་དཔང་སྐོང་ཕྱག་རྒྱ་བའི་མཇུག་གི་འགྱུར་བྱང་ལ་བལྟས་ན་གསལ། ཐོ་ཐོ་རིའི་དུས་སུ་བོན་པོ་རང་གིས་ཆོས་ཕྱོགས་ལ་སྤྱོད་པའི་ཡི་གེ་རེ་ཡོད་ཐང་ཡང་གཙུག་ལག་གཉིས་ཆར་ལ་སྤྱོད་མི་ཐུབ་པའི་དབང་གིས་སྲོང་བཙན་ལ་ཐུག་གི་བར་བོད་ལ་ཡི་གེ་མེད་པའི་དན་རྟགས་སུ། རྒྱ་ནག་གི་ཡིག་ཚང་རྣམས་ལས་བོད་ཀྱིས་གྲངས་དང་མཚན་མ་བྱེད་པའི་དོད་དུ་ཐ་གུ་ལ་མདུད་པ་དང་ཤིང་བྱང་ལ་རྟགས་བྱེད་སྲོལ་ཡོད་ཅེས་བཤད་ཡོད་པ་ལྟར་ཏེ། མཚོ་སྔོན་གྱི་ཟ་ལར་རིགས་ཀྱིས་ཨ་རབ་ཀྱི་ཡི་གེ་དེ་ཁོང་ཚོའི་ཆོས་ཕྱོགས་ཙམ་ལ་བཀོལ་སྤྱོད་བྱེད་པ་ལས་སྲིད་ཀྱི་ཕྱོགས་ལ་ཟིན་བྲིས་ཙམ་ཡང་འདེབས་མི་ཐུབ་པ་དེས་དཔེར་མཚོན་པར་བྱའོ། ། ཐོ་ཐོ་རིའི་སྒྲ་བཤད་ནི། སྙན་ཤལ་ལ་མཐོ་དོ་ཡོད་པས་མཐོ་དོ་རི་སྙན་ཤལ་ཞེས་པ་དང་། ཁ་ན་མ་ཐོ་བ་མེད་པར་རི་རྒྱལ་ལྟར་བརྗིད་ཆགས་པར་གནས་པ་ཞེས་བཤད་ཚུལ་གཉིས་ལས་སྡེ་སྲིད་ཀྱིས་ཕྱི་མ་ལྟར་འདོད་ནའང་། འདོད་རྒྱལ་གྱི་མིང་ཡིན་པར་ཁས་བླངས་ན་བདེ།
 

                                                                     སྲོང་བཙན་སྒམ་པོ། 
       སྲོང་བཙན་འཁྲུངས་ལོ་ལ་མི་མཐུན་པ་ཆེ་ཁག་གཉིས་ཏེ། ཕུག་ལུགས་སྟོན་པའི་འདས་ལོ་༡༤༩མེ་གླང་(སྤྱི་ལོ་༦༡༧)ལ་འཁྲུངས་པར་འདོད་མཁན་གྱི་མཁས་པ་མང་སྟེ། ས་ཆེན་གྲགས་པ་རྒྱལ་མཚན་པ། བུ་སྟོན་རིན་ཆེན་གྲུབ། པཎ་ཆེན་བསོད་གྲགས། དཔའ་པོ་གཙུག་ལག་ཕྲེང་བ། ཚལ་བ་ཀུན་དགའ་རྡོ་རྗེ། ངོར་བ་དཀོན་མཆོག་ལྷུན་གྲུབ། ས་སྐྱ་བསོད་ནམས་རྒྱལ་མཚན། ཛ་ཡ་བློ་བཟང་འཕྲིན་ལས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ། དབལ་མང་། བྲག་དགོན་པ། སུམ་པ། རྒྱའི་ཡིག་ཚང་རྣམས་སོ། 

  དེ་ལས་ལོ་སྐོར་གཅིག་གིས་འཕྱི་བ་ས་གླང་ལ་འཁྲུངས་པར་འདོད་མཁན་ནི། འགོས་ལོ་གཞོན་ནུ་དཔལ་བ། རྒྱལ་དབང་ལྔ་བ། སྡེ་སྲིད། འཇིགས་མེད་གླིང་བ། ཅོ་ནེ་གྲགས་པ་བཤད་སྒྲུབ། ཁམས་ཀྱི་འཇུ་མི་ཕམ་སོགས་སོ།  སྲོང་བཙན་འདས་པའི་ལོ་ལ་ད་ལྟ་བཤད་ཚུལ་གཉིས་ཏེ། དགུང་ལོ་སོ་བཞི་ལ་འདས་ཞེས་པ་དང་། དགུང་ལོ་གྱ་གཉིས་ལ་འདས་པར་འདོད་པ་གཉིས་ལས་ཕྱི་མ་འདོད་མཁན་ནི། ས་ཆེན་གྲགས་པ་རྒྱལ་མཚན། བུ་སྟོན། བསོད་གྲགས། གཙུག་ལག་ཕྲེང་བ། ཚལ་བ་ཀུན་རྡོར། སུམ་པ། བྲག་དགོན་རྣམས་དང་། སྔ་མ་འདོད་མཁན་ནི་ཏུན་ཧོང་གི་ཡི་གེ་ལ་བརྟེན་ནས་རྒྱའི་ཡི་གེ་འགའ་རེ་དང་། དགེ་འདུན་ཆོས་འཕེལ་དག་ཡིན་ནོ། ། ཡང་ད་ལྟའི་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་སྲོང་བཙན་དགུང་ལོ་སོ་བཞི་ལ་འདས་ཞེས་པ་བློ་ངོར་མ་བདེ་བའི་དབང་གིས་སྤྱི་ལོ༦༥༠བ་ལྕགས་ཁྱི་ལ་འདས་པ་གཞིར་བཞག་གི་སྟེང་ནམ་འཁྲུངས་ཀྱི་ལོ་གསལ་ཁ་མི་བྱེད་པའི་ལུགས་གཅིག་དང་རང་དགར་ལོ་ལྔ་བཅུ་ང་བརྒྱད་ལ་འདས་ཤིང་། དགུང་སྙིང་ཆུ་གླང་ལ་བྱེད་པའི་ལུགས་དག་ནི་ཡིད་བརྟན་དཀའ་འོ། །
 

                                                                    དོགས་སློང་། 
       མཚམས་འདི་ནས་བཟུང་ཏུན་ཧོང་གི་བྲག་ཕུག་ལས་ཐོན་པའི་ཡི་གེ་དེའི་ལོ་ཚིགས་རྣམས་ལ་དོགས་པ་ཕྲན་བུ་ཙམ་དུ་མ་ཟད། དོགས་པ་མི་ཆོད་པ་མང་པོ་ཞིག་དང་གཏན་ནས་ཁས་ལེན་དུ་མི་བཏུབ་པ་མང་ཙམ་ཞིག་འདུག་པས་རིམ་བཞིན་དོགས་པ་དེ་དག་སློང་བ་འདི་ལྟར། མགོ་རྔ་མི་ཚང་བའི་ཡི་གེ་དེར། སྲོང་བཙན་ནམ་འཁྲུངས་དང་། རྒྱ་བཟའ་བོད་དུ་ནམ་ཕེབས་མི་གསལ། འོན་ཀྱང་རྒྱ་བཟའ་མགར་གྱིས་གདན་དྲངས་ནས་ལོ་བཅུ་འགོར་བ་དང་། རྒྱལ་བོ་དང་ལྷན་མཇལ་ལོ་གསུམ་གྱི་རྗེས་སྲོང་བཙན་འདས་ཟེར། སྲོང་བཙན་མེ་གླང་ལ་འཁྲུངས་པ་ལྟར་ན་དགུང་ལོ་སོ་བཞི་ལ་འདས། དེབ་དཀར་འདིའི་རྗེས་སུ་འབྲངས་ཅི་ཐུབ་བྱེད་དོ། ། འོ་ན་ལོ་བདུན་དེའི་རིང་རྒྱ་བཟའ་དབུས་ལམ་ནས་འགོར་ཟེར་རམ། ཀན་སུའུའི་བྱམས་པ་འབུམ་གླིང་གི་བྱམས་སྐུ་དང་། ཁམས་ཕྱོགས་ཀྱི་རྣམ་སྣང་རྡོ་སྐུ་སོགས་ཀོང་ཅོས་བཞེངས་པའི་ལོ་རྒྱུས་དེ་དག་ཚད་ལྡན་ཡིན་ཟེར་རམ། བྱམས་པ་དེ་རྒྱའི་ཡིག་ཚང་དུ་དེ་འདྲའི་ཟུར་ཙམ་ཡང་མི་སྣང་བ་དང་། ཁམས་ཀྱི་རྡོ་སྐུ་དེ་སི་ཏུའི་རང་རྣམ་ལས་རྒྱ་བཟའ་ཕྱི་མའི་རིང་ལ་བཞེངས་པའི་རྟགས་སུ། རྡོ་སྐུའི་ཞལ་བྱང་དུ་མེས་ཨག་ཚོམ་གྱི་སྐུ་རིམ་དུ་བཞེངས་ཚུལ་གསལ་བ་དངོས་སུ་མཐོང་ཚུལ་བཤད་འདུག་པས་རྒྱ་བཟའ་དབུས་ལམ་ནས་ལོ་བདུན་འགོར་ཟེར་བ་དེ་ལ་རྣ་འབྱོག་སྐྱོར་རྒྱུ་མི་འདུག་གོ་སྙམ་མོ།།   ཏུན་ཧོང་གི་ཡི་གེ་དེ་ལ་དོགས་པ་ཆེན་པོ་ཞིག་ཡོད་པ་འདི་ལྟར། དེབ་དང་པོར་ཤིང་འབྲུག་གི་ལོ་(སྤྱི་ལོ་༧༠༤)ལ་བོད་རྒྱལ་ཁྲི་འདུས་སྲོང་དང་། ཡུམ་ཁྲི་མ་ལོད་ཀྱི་སྲས་རྒྱལ་གཙུག་རུ་བལྟམས་ཤིང་ལོ་དེར་ཡབ་འདས། དགུང་ལོ་དགུའི་སྟེང་མཚན་ལ་ཁྲི་ལྡེ་གཙུག་བཙན་དུ་གསོལ། (ཡོངས་གྲགས་ཀྱི་མེས་ཨག་ཚོམ་ཡིན)འཁྲུངས་པའི་རྗེས་ཀྱི་ལོ་བདུན་པ་ལྕགས་ཁྱི་(སྤྱི་ལོ་༧༡༠)ལོ་ལ་རྒྱ་བཟའ་ཀིམ་ཤང་ཀོང་ཅོ་བཙུན་མོར་བསུས་ཟེར། ལོ་འདིར་རྒྱལ་གཙུག་རུ་དགུང་ལོ་བདུན་ཡིན་པས་རྒྱ་བཟའ་འདིའི་བཙུན་མོར་བསུས་པ་ཡིན་ན་གཏམ་འདི་ཐོས་པ་ཙམ་གྱིས་རང་རེ་སྐྱི་མི་གཡའ་འམ། ཧ་མི་ལས་སམ། རེ་ཞིག་ལ་ཁ་གདངས་ནས་འདུག་མི་དགོས་སམ།

      རྒྱུ་མཚན་ནི། རླུང་ལྟར་གྲགས་པའི་ལོ་རྒྱུས་ལྟར་ན་ཁྲི་ལྡེ་གཙུག་གྱི་སྲས་ནི་ལྗང་ཚ་ལྷ་དབོན་ཡིན། སྲས་དགུང་ལོ་བཅུ་དྲུག་དུས་དུ་བོད་ན་འོས་པའི་བཙུན་མོ་མེད་པར་རྒྱ་བཟའ་བསུ་གྲབས་བྱས། དེའི་ཚེ་མཚན་མོ་ཟླ་འོད་ལ་རྟ་རྒྱུགས་འགྲན་པས་སྟབས་མ་ལེགས་པར་སྲས་གྲོངས། དེ་དུས་རྒྱ་བཟའ་དབུས་ལམ་ན་ཡོད་པ་སླར་མ་ལོག་པར་ཡབ་ཁྲི་ལྡེ་གཙུག་བཙན་མེས་ཨག་ཚོམ་དང་གཉེན་དུ་བསྡེབས་ནས་ཕྱིས་སུ་རྒྱ་བཟའ་དེ་ལ་ཁྲི་སྲོང་ལྡེ་བཙན་འཁྲུངས་པ་ལ་བརྟེན་རྒྱ་བོད་ཀྱི་དབོན་ཞང་ཞེས་པའི་ཐ་སྙད་རླབས་པོ་ཆེ་འདི་དང་རྒྱབ་འགལ་ཆེན་པོ་བྱུང་སྣང་ངོ་། །

      ཡང་ཏུན་ཧོང་གི་ཡི་གེ་དེ་ལ་སྔ་མ་ལས་ཀྱང་དོགས་པ་ཆེན་པོ་མི་ཆོད་པ་དང་མི་ཤིགས་པ་ཞིག་ཡོད་པ་འདི་ལྟར། ས་ཡོས་ལོ(སྤྱི་ལོ་༧༣༩)ལ་ཀིམ་ཤང་ཀོང་ཅོ་གྲོངས་ཤིང་། གྲོངས་པའི་ལོ་བརྩིས་པའི་ལོ་གསུམ་པ་ལྕགས་སྦྲུལ་(སྤྱི་ལོ་༧༤༡)ལོ་ལ་འདད་བཏང་བ་སྟེ་འདས་མཆོད་བཏང་། དེའི་ཕྱི་ལོ་ཆུ་རྟ་(སྤྱི་ལོ་༧༤༢)ལོར་ཡུམ་སྣ་ནམ་བཟའ་མང་མོ་རྗེ་ལ་སྲས་སྲོང་ལྡེ་བཙན་འཁྲུངས། འདི་དགུང་ལོ་བཅོ་ལྔ་ཐོག་ཆབ་སྲིད་ཕྱག་བཟའི་སྲས་ཡིན་པར་འཛེམ་བག་ཅུང་ཟད་ཀྱང་མེད་པར་ཐག་གིས་བཅད་འདུག སྲིན་བྱའི་ཐད་སྐད་དང་འདྲ་བ་འདི་ཐོས་པ་ཙམ་གྱིས་སྐྲ་དང་བ་སྤུ་གྱེན་དུ་ཕྱོགས་ནས་མི་འགྲོའམ། མགོ་དང་འཕོངས་ལ་འཕྲུག་རྒྱུ་མི་ཡོང་ངམ། དར་ཅིག་ལ་ཡི་གེ་འདི་ནོར་པ་རེད་དམ་རང་གི་ཀླད་པ་འཁྲུགས་ཞེས་འདང་རྒྱག་ནང་ལ་མི་ཤོར་རམ། ཡུད་ཙམ་ཞིག་ནས་དཔེ་ཀློག་ཞིབ་མོར་བྱས་ཚེ་རང་གི་ཀླད་པ་འཁྲུགས་མི་འདུག་སྟེ། འདི་ལྟར། ཀིམ་ཤང་ཀོང་ཅོ་འདས་རྗེས་ཀྱི་ལོ་བཞི་བ་ལ་སྣ་ནམ་བཟའི་སྲས་སུ་ཁྲི་སྲོང་ལྡེ་གཙུག་འཁྲུངས་ཞེས་ཏུན་ཧོང་གི་ཡི་གེའི་དེབ་སྔ་ཕྱི་གཉིས་ཀ་བསྡོམས་ནས་གསལ་བོར་བྲིས་འདུག་གོ།

       དེ་ལ་དཔྱད་པ་དང་དགག་པ་འདི་འབབ་སྟེ། ཉོན་ཅིག དཔྱད་པ་ནི། རྒྱ་བཟའ་ལ་སྲས་འཁྲུངས་པའི་སྐབས་སུ་སྣ་ནམ་བཟས་ཕྲོགས་པ་དང་། ལོ་གཅིག་གི་རྗེས་ནས་ཞབས་པུས་འཛུགས་པའི་དགའ་སྟོན་དུས་སུ་སྲས་ཀྱིས་རང་གི་རྒྱའི་ཞང་བོ་མ་ནོར་བར་ངོས་ཟིན་ཚུལ་བཅས་མཁས་པའི་དགའ་སྟོན་སོགས་ལོ་རྒྱུས་རྣམས་སུ་གསལ་བས་འདིར་མང་དུ་མི་བརྗོད་དོ། །དེ་དག་གི་སྟེང་ནས་དཔྱད་ན་ལོག་རྟོག་སེལ་ཞིང་ཡིད་ཆེས་ཀྱི་ཁུངས་ཚད་ལྡན་མང་དུ་རྙེད་རྒྱུ་ཡོད་དོ། །

        དགག་པའི་ཐད་ལ་འདི་ལྟར། ཏུན་ཧོང་གི་ཡི་གེའི་དེབ་སྔ་མའི་བཤད་ཚུལ་གོང་དུ་བཀོད་པ་ལྟར་དང་། ཕྱི་མའི་བཤད་ཚུལ་ནི། ཁྲི་ལྡེ་གཙུག་བཙན་དང་། སྣ་ནམ་བཟའ་མང་མོ་རྗེ་བཞི་སྟེང་དུ་བཤོས་པའི་སྲས་ཁྲི་སྲོང་ལྡེ་བཙན། ཞེས་བྲིས་འདུག

      དེ་ལ་ལྕགས་གླང་ལོར་བཙུགས་པའི་ལྷ་སའི་རྡོ་རིང་ཤར་ངོས་ན་ཅི་ཡོད་ཤོག་གུར་ཕབ་པའི་སྙིང་པོ་ཁ་ཤས་འདི་ལྟར། བཙན་པོ་ཁྲི་ལྡེ་གཙུག་བཙན་རལ་བ་ཅན་དང་། རྒྱ་རྗེ་ཧྭང་ཏི་གཉིས་ཆབ་སྲིད་གཅིག་ཏུ་མོལ་ཏེ་གཉེན་བརྩེགས་ནས། ཀིམ་ཤང་ཀོང་ཅོ་བཙན་པོའི་ཁབ་ཏུ་བླངས་ནས། དབོན་ཞང་དུ་གྱུར་ཏེ་དགྱེས་པ་ལས། ཞེས་དང་། ཡང་མངའ་བདག་ཁྲི་རལ་དུས་སུ། བོད་རྒྱའི་ཕོ་བྲང་གི་མདུན་དང་། སོ་མཚམས་རྨེ་རུ་གསུམ་དུ་བསླངས་པའི་རྡོ་རིང་ངོས་ན། གནམ་ལ་ཉི་ཟླ་ཟུང་གཅིག ས་ལ་བཙན་པོ་དབོན་ཞང་། ཞེས་ལན་དུ་མར་དབོན་ཞང་ཞེས་བཤད་དོན་ནི། རྒྱ་རྗེ་ནི་ཞང་བོ་དང་། བོད་རྒྱལ་ནི་དབོན་པོ་སྟེ་ཚ་བོའི་མིང་གིས་འབོད་པ་རྒྱ་ཡིག་舅甥ཀྱོའུ་ཧྲིན་ཞེས་ཡོད་པ་འདི་ཡིན། བོད་དུ་རྒྱ་བཟའ་སྔ་ཕྱི་གཉིས་བྱོན་པ་ལས་སྔ་མ་ལ་སྲས་མ་བྱུང་། ཕྱི་མ་ལ་སྲས་ཁྲི་སྲོང་ལྡེ་བཙན་འཁྲུངས་པའི་དབང་གིས་བོད་རྒྱའི་བར་དུ་དབོན་ཞང་གི་ཐ་སྙད་འདི་བྱུང་། ཁྲི་སྲོང་སྣ་ནམ་བཟའི་བུ་ཡིན་ན་ཐ་སྙད་དེ་རྩ་བ་རང་ནས་འཆོལ་བར་གྱུར་པས་རྡོ་རིང་ངོས་ཀྱི་དབོན་ཞང་ཞེས་པའི་མིང་ཚིག་དེ་དག་ལ་འགྲེལ་ཇི་ལྟར་བྱེད་རྒྱུ་ཡིན། ད་ལྟ་ཉིད་དུ་ལན་ཐོབ་ཅིག ལྕགས་གླང་འདི་ནི་སྤྱི་ལོ་༨༨༢ཡིན་པ་མཁས་པའི་དགའ་སྟོན་ལ་བསྡུར་ན་གསལ།

     དེས་ན་ཏུན་ཧོང་གི་ཡི་གེ་འདིའི་ཐད་དུ། རྒྱ་བོད་ཀྱི་གསེར་ཟམ་འབྲེལ་བའི་རྒྱུ་མཚན་གྱི་གཙོ་བོ་ནི་རྒྱ་བཟའ་གྱིམ་ཤང་ཀོང་ཅོ་ལ་སྲས་ཁྲི་སྲོང་ལྡེ་བཙན་འཁྲུངས་པ་ལ་བརྟེན་ནས་བཤད་དགོས་ལ། དེ་ལྟར་ཁས་མི་ལེན་པའི་བཤད་ཚུལ་འདི་མེས་རྒྱལ་ལ་གཅེས་མཁན་ཞིག་ཡིན་ན། ལོ་རྒྱུས་ཀྱི་ཁུངས་ཚད་མར་གྱུར་པ་དང་། ཆབ་སྲིད་ཀྱི་སྟེང་ནས་དགག་པ་ཚ་ནན་མི་རྒྱག་མཁན་སུ་ཞིག་ཡོད་སྙམ་དུ་སེམས་སོ། ། མཐར་གཏུགས་ན། གོང་བཤད་དེ་དག་གི་རྐྱེན་གྱིས་ཏུན་ཧོང་གི་ཡི་གེའི་བསྟན་དོན་ཡོད་ཚད་རྣམ་དག་ཡིན་པའི་ངེས་པ་ཨེ་ཡོད་སྙམ་དུ་སེམས་སོ། །

        གཞན་ཡང་། དེབ་གཉིས་པར་སྲོང་བཙན་གྱི་སྲས་གུང་རི་གུང་བཙན་གྱི་བཙུན་མོ་ཡང་རྒྱ་བཟའ་ཀོང་ཅོ་ཞིག་ཡིན་པར་བཤད་འདུག་སྟེ་སྔོན་ཆད་མ་གྲགས་པའི་གཏམ་ཞིག་མ་ཡིན་ནམ། ཀོང་ཅོ་ལ་ཁོན་ཅོ་དང་ཁོན་ཅོ་སོགས་ལག་ཡོང་ཚད་བྲིས་འདུག་པས་རྒྱ་ཡིག་ལ་བསྒྱུར་དུས་ཀོང་ཅོ་ཡིན་པ་མ་ཤེས་པའི་སྐྱོན་ཤོར་འདུག

       དེ་ལྟར་ན་སྲོང་བཙན་དགུང་ལོ་སོ་བཞི་ལས་མ་བཞུགས་པར་དེབ་དཀར་གྱིས་བཤད་པ་ལ་སུ་ཞིག་ཡིད་ཆེས། དེབ་དཀར་རྩོམ་འཕྲོར་ལུས་དོན་ཡང་རྩོམ་པ་པོའི་ཚེས་མ་ལྕོགས་པ་མ་ཡིན་སྙམ་སྟེ། ཏུན་ཧོང་གི་ཡི་གེར། མེས་ཨག་ཚོམ་དགུང་ལོ་བདུན་གྱི་སྟེང་རྒྱ་བཟའ་དང་གཉེན་བསྒྲིགས་པ་དང་། ཁྲི་སྲོང་སྣ་ནམ་བཟའི་སྲས་ཡིན་པར་བཤད་པ་སོགས་མཐོང་ནས་བོད་རྒྱལ་རབས་རིམ་བྱོན་གྱི་ལོ་རྒྱུས་འབྲི་ཐབས་མེད་པ་ལ་ཐུག་སྟེ་བསམ་བཞིན་རྩོམ་འཕྲོ་བྱས་པར་གོར་མ་ཆག་ཅེས་བདག་གིས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲའོ། །
      དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་རང་ལ་ཡང་ནོར་བ་མང་དུ་འདུག་སྟེ། མགོ་འབུས་ཙམ་བརྗོད་ན་འདི་ལྟར།

     བོད་ཀྱི་ཐང་ཞུ་ཞེས་འབོད་པ་འདི་ཐང་རྒྱལ་རབས་དུས་སུ་རྒྱ་ལ་དར་བའི་ཞྭ་ཞིག་ཡིན་པར་ལོ་རྒྱུས་ཀྱི་ཡི་གེ་ཡོད་པ་ཙམ་ཡང་མ་མཐོང་བར་འོལ་ཚོད་ཀྱིས། བོད་རང་གི་སྲོལ་ལས་ཡུལ་གཞན་གང་ལ་ཡང་མི་འདུག་ཅེས་ཐག་བཅད་པ་ནི་མི་འཚམ་སྟེ། ཐང་རྒྱལ་རབས་ཀྱི་ཁྲང་ཞིའི་ཟློས་གར་མ་མཐོང་ན་ནི་ཁག་མེད་དོ། །

      ལི་ཡུལ་ཕྱོགས་གར་ཡོད་སོགས་བར་སྐབས་སུ་ཐམས་ཅད་ཀྱིས་བརྗེད་ནས་ལོ་ངོ་བརྒྱ་ཕྲག་དུ་མ་སོང་། ཞེས་བཤད་པ་རང་ལ་ལྟ་རྒྱ་མེད་པའི་འཚང་སྟེ། འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་བ་སོ་བ་རྟ་ཚག་རྗེ་དྲུང་བློ་བཟང་བསྟན་པའི་མགོན་པོའི་རྣམ་ཐར་དུ་ལི་ཡུལ་ངོས་འཛིན་གསལ་ཞིང་རྒྱས་པ་གསུངས་ཡོད་པ་དེ་ལྷག་ཁྱོད་ལ་ཡང་བཤད་རྒྱུ་མེད་དོ། ། མཁས་གྲུབ་རྗེ་ལ་ལྕང་ར་བཀའ་བཅུ་ཟེར་དོན་ཡང་ཤེས་ཡོད་མེད་ཆ་མི་འཚལ་ལོ། །

      སྲོང་བཙན་དུས་སུ་ལི་ཡུལ་དུ་བསྟན་པ་བསྣུབས་ནས་དགེ་སློང་རྣམས་བོད་དུ་བྲོས་པར་བཤད་པ་ནི་སྔ་ཆེས་ཏེ། ཕུག་པའི་རྩིས་གཞུང་པད་དཀར་ཞལ་ལུང་དུ། གྱིམ་ཤང་ཀོང་ཅོ་བཙུན་མོར་བསུས་པའི་བོད་རྒྱལ་མེས་ཨག་ཚོམ་གྱི་རིང་ལི་ཡུལ་གྱི་བསྟན་པ་ཉམས་ནས་དགེ་འདུན་རྣམས་བོད་དུ་བྲོས་པ་གསུངས་ཡོད་པ་འདི་ལ་ཁུངས་ཤིག་མེད་པ་ག་ནས་ཡིན་ཏེ། དེའི་བར་དུ་མི་རིང་གསུམ་རྒྱུགས་སོ། །

       ད་ལྟའི་སྤྱི་ལོའི་ཐོག་མ་འདི་ཡེ་ཤུ་མ་ཤི་ཀ་གྲོངས་པའི་ལོ་ནས་བརྩིས་པ་ཡིན་ཟེར་བ་ག་ལ་བདེན་ཏེ། དེ་ནི་ཡེ་ཤུ་སྐྱེས་པའི་ལོ་ཡིན་གྱི་གྲོངས་པའི་ལོ་ནི་སྤྱི་ལོ་ཉེར་དགུ་བ་ཡིན་པ་ང་ཚོ་ཕྱི་རྒྱལ་དུ་ལྡོམ་མ་མྱོང་བ་ཚོས་ཀྱང་གཞོན་དུས་ནས་གསལ་པོར་ཤེས་སོ། །

     སྟོན་པ་སངས་རྒྱས་པའི་དུས་དེར་མདོ་སྡེ་བཀའ་ཚད་མའི་ལུང་གིས་ཟིན་པའི་ཟླ་འཛིན་ཇི་ལྟར་བྱུང་ཚུལ་གྱི་སྒྲོས་ཙམ་ཡང་མེད་པར་མཐའ་གཅིག་ཏུ་གནས་བརྟན་སྡེ་བས་འདོད་པའི་འདས་ལོ་དེ་གཙིགས་པར་ཐག་བཅད་པས་ནི་གངས་ཅན་ལྗོངས་སུ་རབ་བྱུང་དང་པོའི་དུས་ནས་དར་སྤེལ་བྱུང་བའི་དཔལ་ལྡན་དུས་འཁོར་གྱི་རྩིས་ལ་ཡུངས་འབྲུ་ཙམ་གྱི་རྩིས་མདངས་མེད་པ་གསལ་བར་བསྟན་ཏོ། ། བློ་གྲོས་དམན་པ་བདག་ལྟ་བུས་ཀྱང་རྒྱ་རྩིས་ཀྱི་ངྷྲུ་ཝ་ཡར་སློག་སྟེ་སངས་རྒྱས་པའི་དུས་ཀྱི་ཟླ་འཛིན་ཁ་ཤས་བྲིས་ཚེ་དཔལ་ལྡན་ཕུག་པའི་ལུགས་ཀྱི་འདས་ལོ་ནི་ཁྱད་དུ་འཕགས་པར་མཐོང་སྟེ་དོན་དུ་གཉེར་མཁན་དཀོན་པར་སྣང་ངོ་། །

      དེབ་དཀར་དུ་ཁ་ཆེ་པཎ་ཆེན་བོད་དུ་བྱོན་ལོ་ཆུ་ཕག་ལ་བྱས་པ་དང་། དེའི་ཕྱི་ལོའི་ཤིང་བྱི་དེ་གནས་བརྟན་པའི་ལུགས་ཀྱི་སྟོན་པའི་འདས་ལོ་༡༧༤༨པར་བྱས་པ་དང་། སོལ་ནག་ཐང་བོ་ཆེར་འདས་ལོ་བརྩིས་པའི་ལོ་དེ་ཤིང་བྱིའི་ལོ་དེ་གར་བྱས་པ་སོགས་རྩ་བ་ནས་ནོར་བའི་རྐྱེན་གྱིས་ཁ་ཆེ་པཎ་ཆེན་ལུགས་ལ་རྩིས་ཀྱི་དབང་གིས་ལོ་གཉིས་མ་མཐུན་ཙམ་བྱུང་། ཞེས་པའི་དོན་མེད་ཀྱི་དགོངས་པ་དེ་འཇོག་དགོས་བྱུང་། ཡིད་མི་ཆེས་ན། དེབ་སྔོན་སྨད་ཆ་དང་ངོར་བ་དཀོན་ལྷུན་གྱི་ཆོས་འབྱུང་ལ་གཟིགས་ཤིག གང་ཅིའི་བབ་ལ་བལྟས་ན་རྩིས་ཀྱི་སྐོར་ལ་ཁྭ་ཏ་མདའ་རེད་བསམ།

       དེབ་དཀར་རང་གི་སྟོད་ན་རྒྱ་བཟའ་ཀོང་ཅོ་བོད་དུ་བྱོན་པའི་ལོ་ནི་སྟོན་པའི་འདས་ལོ་ཆིག་སྟོང་བརྒྱ་དང་གྱ་བརྒྱད་པ(ཤིང་འབྲུག)ཡིན་པར་བཤད་པ་དང་། དེབ་དཀར་རང་གི་སྨད་ན་སྟོན་པའི་འདས་ལོ་ཆིག་སྟོང་གི་ཆིག་བརྒྱ་བརྒྱད་ཅུ་གྱ་ལྔ་བ་ལྕགས་གླང་ཡིན་ཞེས་ལོ་བཞིས་ཐོ་མི་ཐུག་པའི་ནང་འགལ་བྱུང་འདུག་སྟེ། ཤིག་ཐོག་ལ་མཛུབ་མོ་མ་བཙུགས་ན་མཐོང་པར་དཀའ་བ་དེ་ཅིས་མ་བདེན།

       བོད་རང་གིས་བྲིས་པ་བཅོས་བསྒྱུར་མཁན་གྱི་སྨྱུ་གུའི་རྩེ་མོས་མ་རེག་པར་ལོ་ཆིག་སྟོང་ཉེ་བར་རྡོ་དང་བྱེ་མའི་འོག་ན་གཟིམས་པའི་ཡིག་རྙིང་ཞེས་ཡ་མེད་པའི་ངོམ་ངོམ་བྱས་ཀྱང་ཡིད་བརྟན་ཕེར་བའི་ངེས་པ་མེད་དེ། གོང་ནས་བཤད་པ་ལྟར་མེས་ཨག་ཚོམ་དགུང་ལོ་བདུན་གྱི་སྟེང་གྱིམ་ཤང་ཀོང་ཅོ་བག་མར་བསུས་པ་དང་། ཁྲི་སྲོང་ལྡེ་བཙན་གྱིམ་ཤང་ལས་མ་འཁྲུངས་པར་སྣ་ནམ་བཟའ་ལས་འཁྲུངས་པར་བཤད་དཔ་དེ་དག་སུ་ཞིག་གིས་ཁས་ལེན་བཏུབ། གཞན་ཡང་། ང་ཚོའི་སྐྱེ་ཐོག་འདིར་སྐུ་འབུམ་དུ་རྒྱའི་ཧྭ་ཤང་ཞིག་སླེབས་ནས་སྔོན་གྱི་མཁས་པ་ཚོས་བརྩམས་ཆོས་པོ་ཏི་མང་བོ་བསྡུས་པའི་མཛད་བྱང་དུ། རང་གི་མིང་བྲིས་ནས་བརྩམས་པར་བཅོས་ཏེ་ལི་ཡུལ་ཤར་མཐའི་ཏུན་ཧོང་གི་སངས་རྒྱས་སྟོང་གི་བྲག་ཕུག་ཏུ་འདམ་གྱིས་ཞལ་ཞལ་བྱས། མ་འོངས་ལོ་བརྒྱ་ཕྲག་མང་བོའི་མཐར་བྲག་ལ་སེར་ག་ཤོར་བའམ་གད་བརྡིབས་དུས་ས་སྟེང་དུ་དར་བར་ཤོག ཅེས་སྨོན་ལམ་བཏབ་པའི་ངག་སྒྲོས་ཁུངས་ལྡན་ཡོད་པ་དེ་ཡང་ད་ལྟ་རྡོ་དང་བྱེ་མའི་འོག་ན་སྐྱིད་པོར་གཟིམས་ནས་ཡོད་ཤས་ཆེའོ། །

     སྲོང་བཙན་འཁྲུངས་པའི་ས་གླང་དེ་འགོས་ཀྱིས་དྲུག་ཅུ་སྐོར་སྔ་མའི་ས་གླང་དུ་བྱས། ཐང་ཀོའུ་ཙུང་གིས་ས་སྟག་ལ་སྲིད་བཟུང་དུས་སྲོང་བཙན་དགུང་ལོ་ང་དགུ་ལ་ཕེབས། ལྕགས་གླང་ལ་ཀོང་ཅོ་བག་མར་བརྫངས་དུས་སྲོང་བཙན་དོན་གཉིས་ལ་ཕེབས། ལམ་ནས་ལོ་དྲུག་འགོར་བ་བརྩིས་ན་སྲོང་བཙན་དོན་དགུ་ལ་ཀོང་ཅོ་དང་བཤོས། ཞེས་ཞུན་མཐར་བཅད་ནས་བཤད་ཁུལ་བྱས་པ་རྣམས་ལ་སྙིང་པོ་སྤུ་ཙམ་ཡང་མ་བྱུང་སྟེ། འགོས་ལོ་དྲུག་ཅུ་སྐོར་སྔ་མའི་ས་གླང་ལ་འཁྲུལ་མེད་པའི་དན་རྟགས་ནི་འདི་ལྟར། དེབ་སྔོན་གྱི་བསྟན་པ་ཕྱི་དར་གྱི་ལོ་ཚིགས་སྐབས་གོང་འོག་ཏུ། སྲོང་བཙན་ས་མོ་གླང་ལ་འཁྲུངས་ནས་ཡི་གེ་འདི་བགྱིས་པའི་མེ་སྤྲེལ་ཡན་ཆད་ལ་ལོ་བརྒྱད་བརྒྱ་ཞེས་བརྒྱད་འདས། ཞེས་དང་། སྲོང་བཙན་འཁྲུངས་ནས་ལོ་སུམ་བརྒྱ་ཉེར་དགུ་འདས་པའི་ས་ཕོ་རྟ་ལ་ལོ་ཆེན་རིན་བཟང་འཁྲུངས། ཞེས་དང་། དུས་མཚུངས་བསྒྲིགས་པའི་སྐབས་སུ། སྲོང་བཙན་འཁྲུངས་ནས་ལོ་བཞི་བརྒྱ་དང་བཅུ་གསུམ་འདས། བསྟན་བསྣུབས་ལྕགས་བྱ་ནས་ལོ་བརྒྱ་དང་ཞེ་གཅིག་འདས་རྗེས་ཀྱི་ཆུ་རྟ་ལ་ཇོ་བོ་བོད་དུ་ཕེབས། ཞེས་གསུངས་པ་འདི་དག་གིས་ལེགས་པར་འགྲུབ་བོ། །

      ཇི་ལྟར་འགྲུབ་ཚུལ་གསལ་བར་བཤད་ན། མེ་མཁའ་རྒྱ་མཚོ་སྟེ་ལོ་བཞི་བརྒྱ་དང་གསུམ་ལས་ལོ་ལྔ་ཕྲིས་པས་ལོ་སུམ་བརྒྱ་གོ་བརྒྱད། དེའི་སྟེང་དེབ་སྔོན་རབ་བྱུང་བརྒྱད་པའི་མེ་སྤྲེལ་ལ་རྩོམ་པས་དྲུག་ཅུ་སྐོར་བདུན་ལ་ལོ་བཞི་བརྒྱ་ཉི་ཤུ་དང་། རབ་བྱུང་བརྒྱད་པའི་མེ་སྤྲེལ་བཅས་པའི་ཡན་ལ་ལོ་སུམ་ཅུ་སྟེ་བསྡོམས་པས་ལོ་བརྒྱད་བརྒྱ་ཞེ་བརྒྱད་འབྱུང་བ་འདིས་ལེགས་པར་འགྲུབ་པ་ལྟར་དུ་ལུང་ཕྱི་མ་རྣམས་ཀྱང་ཤིན་ཏུ་གསལ་ལོ། ། དགུ་མཐའ་ལ་བྱང་བ་ཞིག་ཡིན་ན་འདི་ཙམ་གྱིས་ཧ་གོ་བར་འགྱུར་རོ། །

     འོ་ན་དེབ་སྔོན་དུ་བོད་དང་རྒྱ་ཧོར་ལ་སོགས་པའི་རྒྱལ་རབས་ཀྱི་སྐབས་སུ། ཐང་གིས་ས་སྟག་ལ་སྲིད་བཟུང་བ་དེ། སྲོང་བཙན་ལོ་ལྔ་བཅུ་བ་ཡིན། ཞེས་བཤད་འདུག ཐང་གི་ས་སྟག་ནི་མེ་མཁའ་རྒྱ་མཚོའི་གོང་གི་ནས་ལོ་༨༤༨འདས་པ་རབ་བྱུང་བརྒྱད་པའི་མེ་སྤྲེལ་ལ་དེབ་སྔོན་རྩོམ་པའི་ལོ་ཚིགས་དང་ཇི་ལྟར་འགྲིག་སྟེ། དྲུག་ཅུ་ལོ་སྐོར་གཅིག་གི་བར་ཁྱད་བྱུང་བ་མ་ཡིན་ནམ་ཞེ་ན། བདེན་པ་ལྟར་སྣང་མོད་ཀྱང་། དེ་དུས་སྲོང་བཙན་ལོ་ལྔ་བཅུ་ཡིན། ཞེས་སོགས་ཀྱི་ཚིག་ནི། མིའི་བདག་པོ་ཀུན་དགའ་རྡོ་རྗེས་ཡི་གེར་བཏབ་པ་བཞིན་བྲི་བར་བྱ་སྟེ། ཞེས་པའི་གཞན་གཞུང་འགོས་ཀྱིས་ལུང་དྲངས་པ་ལས་བྱུང་བ་ཡིན་གྱི། འགོས་ཀྱི་རང་ཚིག་ག་ན་ཡིན། དེབ་སྔོན་རང་ལ་མིག་གཉིས་ཆར་གྱིས་ཞིབ་ཏུ་གཟིགས་ཤིག བཤོ་དང་བཤོས་ཞེས་པ་འཁྲིག་པའི་དངོས་མིང་ཡིན་པས་ཕ་བཀྲ་ཤིས་དང་མ་གཡང་མཚོ་གཉིས་བཤོས་པ་སྟེ་འཁྲིག་པ་སྤྱད་པ་ལས་བདག་བུ་སྟོབས་ལྡན་སྐྱེས་ཞེས་བརྗོད་ན་རྣ་བར་བདེའམ། གནའ་རབས་ཀྱི་སྐད་ཡིན་སྲིད་ཀྱང་དཔྱད་རྒྱུ་ཡོད་དོ། ། ས་ཆེན་གྲགས་རྒྱན་གྱི་བོད་རྒྱལ་རབས་ལ་གཞིགས་ན་བཙུན་མོ་ཁབ་ཏུ་བཞེས་ཞེས་པ་བཤོས་ལ་ནོར་བ་ཡིན་པ་འདྲ།

       སྤྱིར་ཚལ་བའི་དེབ་དམར་དུ་ཡི་གེར་བཏབ་པའི་རྒྱའི་ཡིག་ཚང་དེ་ལ་ཡིག་ནོར་མང་དུ་ཡོད་དེ། དེབ་དམར་རང་ན་ཡང་། འདིའི་དབང་ཐང་ལ་ནོར་བ་འགའ་རེ་འདུག ཅེས་ནོར་བ་ངོས་ཟིན་ཡོད་པར་མ་ཟད། ལུང་དྲངས་པ་དེར། ལྕགས་ཁྱི་ལ་སྲོང་བཙན་འདས། ཞེས་པ་ལ་སྲོང་བཙན་གྱི་དགུང་ལོར་ལོ་ཞེ་བརྒྱད་ཀྱིས་ཉུང་བ་དང་། ས་མོ་ལུག་འདི་དར་མས་རྒྱལ་སྲིད་བྱས་ནས་ལོ་བཞི་ལོན་པའི་ས་ལུག་དེ་ཡིན། ཞེས་པའི་སྐབས་སུ་དྲུག་ཅུ་སྐོར་གཅིག་གི་སྐྱོན་བྱུང་འདུག་སྟེ། དེ་དག་ཀྱང་འགོས་ཀྱི་རང་ཚིག་མིན་ནོ། །

      སྲོང་བཙན་དོན་དགུའི་སྐབས་རྒྱ་བཟའ་བག་མར་བཞེས་སོ་བྱ་བ་འདི་འཛུམ་བག་ཅུང་ཟད་བཅས་ཁས་ལེན་དགོས་པ་བཟློག་ཏུ་མེད། ཅེས་ལ་ཁར་བཏོད་ཁུལ་གྱིས་བཤད་པ་ལ་སྙིང་པོ་ཅི་ཞིག་ལོན། གཟུར་གནས་མཁས་པ་རྣམས་ཀྱིས་སྨྲ་བའི་ལྗགས་རྩེ་རིང་དུ་རྐྱོངས་ཤིག

      དེབ་དམར་ན། སྲོང་བཙན་ལྕགས་ཁྱི་ལ་འདས། ཞེས་པའི་ཚིག་འདི་ནི། དེབ་དམར་རང་ན། གཏམ་རྒྱུད་འདི་ཐེ་ཙུང་གི་ཡིག་ཚང་བ་སུ་ཁྱི་ཞེས་པས་བཏུས། ཤིང་བྱ་ལ་ཤིང་ཀུན་ཏུ་བསྒྱུར། འདིའི་དབང་ཐང་ལ་ནོར་བ་འགའ་རེ་འདུག་ཅེས་དང་། ཡང་དེར། སྲོང་བཙན་མེ་གླང་ལ་འཁྲུངས། ཆབ་སྲིད་ལོ་རེ་དགུ་བཟུང་། གྱ་གཉིས་པ་ས་ཁྱི་ལ་འདས། ཞེས་ཚལ་བ་ཀུན་རྡོར་གྱིས་རང་ལུགས་འཁྲུལ་མེད་བཞག་པ་འདི་དེབ་དཀར་མཁན་པོས་མ་མཐོང་བའམ། མཐོང་ཡང་མ་མཐོང་བའི་ཟོལ་གྱིས་ཡིན་གཅིག་མིན་གཉིས་སྲོང་བཙན་དགུང་ལོ་སོ་བཞི་ལྕགས་ཁྱི་ལ་འདས་པར་བཤད་དགོས་པའི་ཁག་དེ་ཅི་ལ་བབས།

       སྤྱིར་དེབ་སྔོན་དུ་བླ་ཆེན་པོ་དགོངས་པ་རབ་གསལ་འཁྲུངས་ལོ་ལ་དྲུག་ཅུ་སྐོར་གཅིག་གིས་སྔ་བ་སོགས་ནོར་བ་གཏན་མེད་པ་ཞིག་ཏུ་བདག་ཅག་ཀྱང་སྨྲ་མི་ཐུབ་བོ། །

        སློབ་དཔོན་ནག་མོ་ཁོལ་ནི་སྤྱི་ལོ་༣༢༠ཙམ་གྱི་དུས་རྒྱ་གར་རྒྱལ་བོ་གུཔྷའི་རིང་བྱོན་པར་རྒྱའི་ཡིག་ཚང་ལས་བཤད་དེ། དེ་ལས་ལོ་སུམ་བརྒྱས་འཕྱི་བ་སྲོང་བཙན་དང་དུས་ཐོག་མཉམ་པ་ཞིག་ག་ན་ཡིན།

      ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ན་ཡང་། འཕགས་པ་ཀླུ་སྒྲུབ་ཀྱི་གྲོགས་པོ་བྲམ་ཟེ་མཆོག་སྲེད་ཀྱིས་ནག་མོ་ཁོལ་བཙལ་བའི་ལོ་རྒྱུས་གསལ་བོར་ཡོད་དེ་འདི་དག་མིག་ལ་མི་ཐོགས་པར་སྣང་ངོ་། ། འདི་ལྟར་ན་ནག་མོ་ཁོལ་ཀླུ་སྒྲུབ་དང་དུས་མཉམ་པས་ཀླུ་སྒྲུབ་སྲོང་བཙན་དང་དུས་ཐོག་མཉམ་ཞེས་བཤད་རྒྱུ་ཡིན་ནམ།

       དེབ་དཀར་དུ་སློབ་དཔོན་དབྱུག་པ་ཅན་ཡང་སྲོང་བཙན་དང་དུས་མཉམ་པར་བཤད་པ་དང་། དགེ་འདུན་ཆོས་འཕེལ་རང་གི་ལག་བསྟར་གྱིས་བྲིས་པའི་དབྱུག་པ་ཅན་གྱི་ལོ་རྒྱུས་ངས་མཐོང་བའི་ཤོག་བྱང་དུ་རབ་བྱུང་གསུམ་པའི་ཕྱེད་ཕྱི་མར་བྱོན་པར་བཤད་པ་གཉིས་ལ་ནང་འགལ་བྱུང་བར་མ་ཟད། བར་ཁྱད་ལ་མེ་མཁའ་རྒྱ་མཚོའི་ལོ་རིལ་བོ་དང་། དེའི་ཁར་དྲུག་ཅུ་སྐོར་གཉིས་དང་ཕྱེད་ཀ་བསྣན་ན་ལོ་ལྔ་བརྒྱ་ལྔ་བཅུ་ལྷག་རྒྱུགས་ཏེ། ས་སྐྱ་བའི་ལོ་སྟོང་ལ་སྐྱོན་རྒྱག་རྐྱང་ཨེ་རེད། ཉི་མ་ལྔ་དང་ཆུ་ཚོད་ལྔས་འཆུགས་པ་མ་རེད་དོ།

     ཨ་མདོ་རྡོ་སྦིས་ན་སྟོང་རུའི་མཚོ་ནག་ཟེར་བ་ཞིག་ག་ན་ཡོད། བཙན་པོ་འཛམ་གླིང་སྤྱི་བཤད་དུ་བཤད་པའི་སྟོང་གི་མཚོ་ནག་ཟེར་བ་དེ་སྤྲེལ་རྫོང་གི་ནུབ་ཕྱོགས་མགོ་ལོག་དང་ཡུས་ཧྲུར་འགྲོ་ལམ་ན་ཡོད་པ་དེ་ག་རང་ཡིན་ནོ།   རྡོ་སྦིས་ཤར་ན་ཡོད་པ་ནི་རི་ཕྲན་སྟོང་གིས་བསྐོར་བའི་ཆ་ནས་ཨ་མྱེས་སྟོང་རིར་འབོད་པའི་ཕང་བར་སྟོང་རིའི་གཡུ་མཚོ་དང་། ལྷོ་ན་ཡོད་པ་དར་རྒྱལ་གཡུ་མཚོ་གཉིས་ཡིན་ལ། མིག་བཙུམས་ནས་མདའ་འཕངས་པས་འབེན་ལ་ཕོག་པར་དཀའ་འོ།   རི་གི་གུ་དང་ཞབས་ཀྱུ་གཉིས་ཀྱི་ཁྱད་མ་ཕྱེད་པ་ལ་ཡང་ཡི་མུག་གོ །

      ཏུན་ཧོང་ཡི་གེ་དེབ་དང་པོའི་ཤིང་མོ་ཕག་(སྤྱི་ལོ་༦༧༥)ལོ་ལ་གསལ་བའི་བཙན་མོ་ཁྲི་མ་ལོད་དེ། དེབ་དཀར་དུ་སྲོང་བཙན་གྱི་བཙུན་མོ་བལ་བཟའ་ཁྲི་བཙུན་ཡིན་པར་བརྒྱ་ཆ་གོ་དགུས་ཐག་བཅད་པ་དེ་ནི་ཁྱོད་ཀྱི་ཁུངས་གཏུགས་ས་ཏུན་ཧོང་ཡི་གེ་དེབ་གཉིས་པར་གསལ་བ་ལྟར། སྲོང་བཙན་གྱི་ཚ་བོ་མང་སྲོང་མང་བཙན་གྱི་བཙུན་མོ་སྟེ་འདུས་སྲོང་མང་བོ་རྗེའི་མ་ཡུམ་ཡིན་ནོ། ། དེབ་དང་པོར་ཁྲི་མ་ལོད་ནི་རྒྱལ་གཙུག་རུ་སྟེ་མེས་ཨག་ཚོམ་གྱི་མ་ཡུམ་གྱི་མིང་དུ་ཡང་བཤད་དེ། དེ་ལྟར་ན་འདུས་སྲོང་གི་བཙུན་མོ་ཡིན། དེབ་གཉིས་པར་མེས་ཨག་ཚོམ་གྱི་མ་ཡུམ་གྱི་མིང་ལ་མཆིམས་བཟའ་བཙན་མ་ཐོག་ཟེར། མཁས་པའི་དགའ་སྟོན་དུ། བཙན་མེ་ཏོག་ཟེར་ཏེ། འདི་དག་ལ་བལྟས་ན་བོད་རང་གིས་བྲིས་པ་ཡིན་མིན་ལ་ཡང་ཐེ་ཚོམ་མོ། གང་ལྟར་དེབ་སྔ་ཕྱི་གཉིས་ལ་ནང་འགལ་བྱུང་ཡོད། དེབ་དཀར་གྱིས་དེའི་ཁྱད་པར་ཕྱེད་པ་ལྟ་ཅི་རང་གིས་ཨ་ནེ་དང་ཚ་བོའི་མནའ་མ་གཉིས་ཀྱི་ཁྱད་པར་ཡང་མ་ཕྱེད་འདུག་གོ །

     གནས་བརྟན་ལུགས་ཀྱི་སྟོན་པའི་འདས་ལོ་༡༢༢༠མེ་ཕོ་བྱི་བའི་ལོ་ལ་འཁྲུངས་པའི་ཁྲི་འདུས་སྲོང་། སྟོན་པའི་འདས་ལོ་༡༢༢༣ས་མོ་ཡོས་ཀྱི་ལོར་སླེབས་ཚེ་དགུང་ལོ་བརྒྱད་ལོན་ཟེར་ཏེ། རང་ལ་ཞུས་དག་གཏོང་མཁན་ཞིག་བསྐལ་པའི་མཐར་ཡང་ཡོང་མི་དཔེ་སྙམ་ལས་ཆེ། ད་ལྟ་ཕྱེད་ལོ་ལོ་རུ་རྩི་བའི་དུས་མ་ཡིན་ནོ། །

    འདད་བཏང་། ཞེས་པའམ། མདད་བཏང་ཞེས་གཤིན་དགེ་སྒྲུབ་པའི་འདད་ཀྱི་རྗེས་འཇུག་ནི་དག་ཡིག་ཁུངས་མ་ཚོར་རྗེས་འཇུག་བཅུའི་གསུམ་པ་དས་འཕུལ་བ་ཡོད་ཤས་ཆེ། རྩིས་མདངས་ཆེ་བའི་དོན་དང་གཅིག་པར་ག་ལ་འགྱུར། ཏུན་ཧོང་གི་ཡི་གེར་ཡང་དས་འཕུལ་གསལ་ཞིང་དེབ་དཀར་དུ་བསམ་བཞིན་རྗེས་འཇུག་གཉིས་པ་ང་ཡིག་བྱས་པ་ནི་འཐད་པར་དཀའ་འོ། །        འདིར་སྨྲས་པ།


    ཚུལ་གསུམ་རྩིས་ལ་བབས་པའི་བུ་མོ་ཞིག །

བག་མར་ཐོབ་བོ་སྙམ་དུ་འུར་ན་ཡང་། །

              དངོས་དོན་བདེ་བའི་དགའ་སྟོན་བཤམས་པ་ན། །

   ཕོ་མིན་མོ་མིན་མ་ནིང་ཞིག་ཏུ་འཁུམས། །

            ཡིད་འཕྲོག་བདེན་པའི་བཞིན་གྱི་སེང་རས་དེ། །

                  དཔྱད་གསུམ་སོར་མོས་དུམ་བུར་དབྲལ་དང་ལྷན། །

          མ་བསམས་ས་ནས་ཀུན་གྱི་རྣར་གཟོན་པའི། །

                   འཆལ་གཏམ་ཅལ་ཅོལ་སྒྲོགས་འདི་སུ་ཡིས་མཉན། །

                   བྱུང་ནས་ཡལ་བའི་དུས་ཀྱི་གཟུགས་བརྙན་རྣམས། །

              སྟོང་བའི་མཁའ་ལ་སེམས་ཀྱིས་བྲིས་པའི་རིས། །

         ངེས་པ་དོན་གྱི་སྙིང་པོས་རབ་དབེན་པའི། །

      སྟར་སྐོགས་སྐམ་པོ་འདི་དག་སུ་ལ་མཁོ། །

      དྲི་བྲལ་ཟླ་བར་རྣ་བ་རིང་བོའི་གཟུགས། །

                ཕྱོགས་ལྷུང་པིར་གྱིས་འབྲི་འདོད་མེད་ན་ཡང་། །

                     གང་ཤར་ཡང་དག་ལམ་ལས་འགོངས་པའི་བརྡར། །

     ཤར་བའི་མི་སྡུག་ར་རི་གསུབ་ཏུ་མེད། །

                     དེ་སྐད་བརྟགས་ཤིང་དཔྱད་པའི་ངག་རིག་གང་། །

         ངང་བས་ཆུ་ལས་འོ་མ་ལེན་པའི་དཔེས། །

         ལེགས་པའི་ཆ་ཀུན་སྨན་ལྟར་བླང་བྱ་སྟེ། །

            ཉེས་པའི་ཆ་ཀུན་དུག་ལྟར་སྤོང་བར་འོས། ། 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]