ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> རྩོམ་རིག >> དྭགས་པོའི་མི་རིགས་ཀྱི་གནད་དོན་སྐོར་ལ་དཔྱད་པ།

དྭགས་པོའི་མི་རིགས་ཀྱི་གནད་དོན་སྐོར་ལ་དཔྱད་པ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དམུ་དགེ་བསམ་གཏན།] [ཟླ་ཚེས། 11-01-25] [ཀློག་གྲངས། ]

༄༅། ། འདིར་བོད་ཀྱི་ལོ་རྒྱུས་རང་གི་མཐོང་ཐོས་ལྟར་ཅུང་ཟད་བཀོད་ན། སྲོང་བཙན་སྒམ་པོ་སོགས་བོད་རྒྱལ་རྣམས་ཀྱིས་མཐའ་བཞི་དབང་དུ་བསྡུ་བའི་སྐབས་སུ། བོད་རྒྱལ་དང་ཐང་རྒྱལ་མ་མཐུན་པར་ལོ་ངོ་དུ་མར་དམག་འཁྲུག་ལངས་ཏེ། བོད་རྒྱལ་གྱིས་དམག་འབུམ་ཕྲག་དུ་མ་མངགས་ནས་འཐབ་པས། ཐང་དང་བོད་གཉིས་བར་འདུམ་བྱེད་དགོས་བྱུང་། དེའི་སྐབས་སུ་ད་ལྟའི་སི་ཁྲོན་ཕྱོགས་ཀྱི་ཆུ་དཀར་རྒྱུད།(ལན་ཕིན་དང་ཕིན་ཝུའི་ཕྱོགས)ཆུ་ནག་རྒྱུད།(ཆུ་ནག་དང་ཁྲོ་ཆུ)ཚ་བ་རོང་སོགས་བོད་རྒྱལ་གྱི་དམག་གིས་བཟུང་། བར་འདུམ་བྱེད་སྐབས་རྒྱ་བོད་བར་དུ་རྡོ་རིང་བཙུགས། རྒྱ་རྒྱ་ཡུལ་དུ་སྡོད་རྒྱུ་དང་། བོད་བོད་ཡུལ་དུ་སྡོད་རྒྱུ་ལས། ཕན་ཚུན་དམག་འཇུག་བྱེད་མི་ཆོག་པ་ཐག་གིས་བཅད། བོད་རྒྱལ་གྱིས། བོད་དམག་རྣམས་ཕྱིར་ལོག་མི་ཆོག་པར་རྒྱ་བོད་བར་གྱི་ས་མཚམས་སྲུང་ཆེད་དམག་མི་རྣམས་གཞིས་ཆགས་ནས་སྡོད་དགོས་པའི་བཀའ་བབས། དྭགས་པོ་ནས་འོངས་པའི་དམག་མི་དང་།ཀོང་པོ་ནས་འོངས་པའི་དམག་མི་རྣམས“ཆུ་དཀར་”ཕྱོགས་སུ་འདུག་ཏུ་བཅུག དེ་ཕིན་ཝུའི་དྭགས་པོ་དང་། ལན་ཕིན་གྱི་ཁོན་པོ་རྣམས་ཡིན། དྭགས་པོ་ནི་བརྡ་ཅུང་ཟད་ཀྱང་མ་འགྱུར་བར་དེང་སང་ཡང་“དྭགས་པོ”ཟེར་ལ། ཀོང་པོ་ནི་བརྡ་ཅུང་ཟད་འགྱུར་ནས་དེང་སང་“ཁོན་པོ”ཟེར། སྟོད་ཤར་བ་ནས་འོངས་པའི་དམག་མི་རྣམས་ཟུང་ཆུའི་ཆུ་རྒྱུད་(རྒྱས་岷江ཟེར)དུ་བཞག་པ་དེང་སང་གི་ཟུང་ཆུ་རྫོང་གི་བོད་མི་རྣམས་རེད། དེང་སང་ཡང་མིང་མ་འགྱུར་བར་ཤར་བ་ཟེར། བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་སྦྲ་རིགས་ལས་བྱུང་བའི་དམག་འབོར་ཆེན་ཞིག་དམག་དཔོན་“ཁོ་ཕན་”གྱི་བཀོད་འདོམས་འོག་རྒྱལ་མོ་རྔུལ་ཆུའི་ཆུ་རྒྱུད་སོགས་སུ་གཞིས་ཆགས་ནས་བསྡད། རིགས་འདི་ལ་བསྭེ་རིགས་ཀྱང་ཟེར། སྦྲ་རིགས་དང་བསྭེ་རིགས་གཅིག་ཡིན་ཞེས་མདོ་སྨད་ཆོས་འབྱུང་ལས་གསུངས། རྒྱལ་མོ་རྔུལ་ཆུའི་ཆུ་རྒྱུད་སོགས་རོང་ཁུལ་གྱི་མིང་ལ“རྒྱལ་མོ་ཚ་བ་རོང་”ཟེར། བོད་རྒྱལ་གྱིས་བཀའ་ཤོག་འབེབས་ཚེ། རྒྱལ་མོ་ཚ་བ་རོང་གི་ཁོ་ཕན་ལ། ཞེས་བྲིས་པ་རྗེས་སོར་ཚིག་སྡུད་བྱས་ཏེ“ཚ་ཁོ”ཟེར་བ་ཕྱིས་སུ་ཡུལ་མིའི་མིང་དུ་གྱུར་ཏེ་དེང་སང་ཚ་རོང་གི་ཡུལ་སྤྱིའི་མིང་དུ་གྱུར་ཏེ་དེང་སང་ཚ་རོང་གི་ཡུལ་མི་སྤྱིའི་མིང་ལ་“ཚ་ཁོ”ཟེར།རྒྱལ་མོ་རྔུལ་ཆུའི་ཆུ་མགོར་ཡོད་པའི་འབྲོག་སྡེ“ཟངས་དཀར”ཁག་གསུམ་ཡང་སྟོད་ཀྱི་ཟངས་དཀར་ནས་འོངས་པ་ཡིན་སྟབས་མིང་ཡང་མ་འགྱུར་བར་ཡོད། དེས་ན་ཐེ་བོ་དང་། ཕིན་ཝུ་ས་ཆའི་དྭགས་པོ་ནས་བཟུང་སྟེ། ཁམས་ཀྱི་ལྕགས་ལའི་བར་གྱི་མི་རིགས་འདི་དག་སྲོང་བཙན་སྒམ་པོའི་དུས་སུ་འོངས་ཤིང་། ཁྲི་སྲོང་གི་དུས་དང་ཁྲི་རལ་གྱི་དུས་སུའང་སྐོར་གཅིག་ཁ་སྣོན་བརྒྱབ་པར་གསུངས། རྨ་ཆུའི་ཆུ་རྒྱུད་ཀྱི་བོད་རིགས་འབོར་ཆེན་ཞིག་སྲོང་བཙན་གྱི་དུས་སུ་འོངས་པའི་ལྡོང་རིགས་ཀྱི་དམག་མི་ཡིན་པར་བཤད།དེའི་རྒྱུ་མཚན་གྱིས་འགག་དོག་མོ་གསུམ་པོ་སྦྲ་ཡིས་བཟུང་། །སྦྲ་དཔལ་རྩལ་ཆེ་བ་དེའི་དོན་ཡིན། །རི་མཐོན་པོ་གསུམ་པོ་ལྡོང་གིས་བཟུང་། །ལྡོང་ཞྭ་མགོ་མཐོ་བ་དེ་དོན་ཡིན། ། ཞེས་རུས་མཛོད་དུ་གསུངས། དེ་དག་ནི་ས་འདིར་འོངས་སྔ་ཞིང་། བོད་ཀྱི་ས་མཐར་སོང་གཤིས་བོད་ཡུལ་དབུས་སུ་ཆོས་ལུགས་བན་དེར་འགྱུར་ཡང་ཡུལ་འདི་དག་ཏུ་བོད་ཀྱི་གནའ་ཆོས“བོན་པོ་”བྱས་ནས་ཡུན་རིང་བོར་བསྡད། དཔེར་ན། དྭགས་པོ། ཁོན་པོ། ཟུང་ཆུའི་སྟོད། ཆུ་ནག་གི་ཡུལ་གྲུ་ཁ་ཤས། རྒྱལ་རོང་གི་ཁྲོ་སྐྱབས་ཀྱི་སྡེ་ཁ་ཤས་སོགས་བཅིངས་འགྲོལ་བྱེད་ཁར་ཡང་ཆོས་ལུགས“བོན་པོ་”རེད། རྒྱལ་རོང་གི་ཆུ་ཆེན་སོགས་སྡེ་མང་ཤས་ཤིག་མན་ཆིན་ཆེན་ལུང་གི་སྐབས་བན་དེར་བསྒྱུར། འབར་ཁམས་ཕྱོགས་བན་དེར་འགྱུར་ནས་ལོ་བརྒྱ་ཡར་མར་མ་གཏོགས་མ་འགོར། མཛོད་དགེ་སྟོད་སྨད་དང་ཅོ་ནེ་སོགས་ཀྱི་བོད་མི་བོད་རྒྱལ་ཁྲི་རལ་གྱི་དུས་སུ་བློན་པོ་དགའ་ཡེ་ཤེས་དར་རྒྱས་འཁོར་འབངས་བཅས་འོངས་ནས་གཞིས་ཆགས་པར་ཅོ་ནེའི་<<བསྟན་འགྱུར་དཀར་ཆག>>ན་གསལ། འདི་དག་གི་ཁུངས་ནི། <<བོད་ཀྱི་རུས་མཛོད་ཆེན་མོ།>><<རུས་མཛོད་ཟ་འོག་མ།>><<རུས་མཛོད་ཐོར་བུ།>><<རྒྱལ་རོང་གི་དཔོན་ཅོག་རྩེ>>དང་།<<སོ་མང་གི་ལོ་རྒྱུས།>><<མགོ་ལོག་ཨ་སྐྱོང་གི་རུས་མཛོད།>><<ཅོ་ནེ་དཔོན་ཚང་གི་རུས་མཛོད>>(རྒྱ་ཡིག) <<གཤེན་རབ་མི་བོའི་རྣམ་ཐར།>> <<བྲག་བྱ་རྒོད་དཀར་ཆག>> <<བསྟན་འགྱུར་དཀར་ཆག་ནོར་བུའི་ཕྲེང་བ།>> <<དེབ་ཐེར་རྒྱ་མཚོ>>སོགས་སུ། ཐོར་བུ་ཐོར་བུར་ཡོད། ད་ལྟ་དཔེ་ཆ་ཡང་མ་འབྱོར་བ་དང་། ཁོམ་ལོང་ཡང་མེད་པས། སྔོན་མཐོང་བ་ལས་ད་ལྟ་བལྟ་རྟོག་མ་ཐུབ། དེས་ན་དེང་དུས་འགའ་ཞིག་གིས་རྒྱལ་རོང་དང་དྭགས་པོ་སོགས་བོད་རིགས་མ་རེད་ཅེས་སྨྲ་བ་ནི། ཁུངས་མེད་བྱུང་རྒྱལ་དུ་སྨྲ་བ་ཡིན་ལ། སི་ཁྲོན་ཕིན་ཝུ་ས་ཁུལ་གྱི་དྭགས་པོ་ནི། རྔ་བ་བོད་རིགས་རང་སྐྱོང་ཁུལ་དང་། མེན་དབྱང་ཀྲོན་ཆུས་ཀྱི་ས་མཚམས་སུ་ཡོད་ལ། ཕིན་ཝུ་རྫོང་གི་ཁོངས་སུ་གཏོགས། འོན་ཀྱང་ནན་ཕིན་གྱི་བོད་རིགས་དང་འདབས་འབྲེལ་ཞིང་། གོམས་འདྲིས་གཤིས་ལུགས་ཆོས་ལུགས་ཚང་མ་ནན་ཕིན་རྫོང་དང་ཟུང་ཆུ་རྫོང་གི་བོད་རིགས་ལྟར་ཡིན་པར་མ་ཟད། གནའ་དུས་ནས་བོད་རིགས་སུ་བརྩི་བ་ལ་སྐད་ཆ་ཅུང་ཟད་ཀྱང་མེད་མོད། ཉེ་ལམ་དྭགས་པོ་བོད་རིགས་མ་རེད། ཏིས་རིགས་རེད་ཅེས་པའི་ཁུངས་མེད་ཀྱི་གཏམ་ཞིག་བསྒྲགས་ཡོང་བར་མ་ཟད། ད་དུང་ཁམས“བོད་མི་”ཟེར་བའི་བོད་རིགས་སྐོར་གཅིག་བོད་རིགས་མ་རེད། “བོད་མི་”མི་རིགས་རེད་ཅེས་ལོགས་སུ་བཀར། མི་ལི་སོགས་ཀྱང་བོད་རིགས་མིན་པར་བྱེད་རྩིས་ཀྱི་བྱ་བ་ཧུར་བརྩོན་གྱིས་སྒྲུབ་བཞིན་གདའ། ༡༩༧༨ལོའི་ཟླ་༨པའི་ནང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་ཞིབ་འཇུག་ཁང་དང་། སི་ཁྲོན་ཞིང་ཆེན་དངོས་གང་བཤམས་སྟོན་ཁང་སོགས་འབྲེལ་ཡོད་ཀྱི་མི་སྣ་ཞུགས་ཡོད་པའི་ཞིབ་འཇུག་ཚོགས་པ་ཞིག་དྭགས་པོའི་ས་ཁུལ་དུ་སོང་སྟེ་ཟླ་གཅིག་ཙམ་ལ་ཞིབ་འཇུག་བྱས།ཚང་མའི་ལྟ་ཚུལ་གཅིག་པ་མིན་ཡང་ཞིང་འཇུག་གི་ཡར་ཞུའི་ཡིག་ཆ་ཞིག་སྡེ་ཁག་སོ་སོར་བཀྲམ། དེའི་ནང་དོན་ནི་དྭགས་པོ་བོད་རིགས་མིན་པའི་སྒྲུབ་བྱེད་བཀོད་ནས། ཏིས་རིགས་རེད་ཅེས་ཐག་བཅད་མོད། ཏིས་རིགས་ཡིན་པའི་སྒྲུབ་བྱེད་ཚིག་གཅིག་ཀྱང་མེད། བོད་མིན་པའི་སྒྲུབ་བྱེད་རྣམས་ཀྱང་། བོད་རིགས་ཡིན་པའི་སྒྲུབ་བྱེད་དུ་སོང་འདུག་སྟེ། རིམ་བཞིན་བཤད་ན་འདི་ལྟར། གཅིག དྭགས་པོའི་སྐད་ཀན་ལྷོའི་གཙོས་ཀྱི་སྐད་དང་མི་འདྲ་བས་བོད་མ་རེད་ཟེར། དེ་ལ་འདི་ལྟར་བརྗོད་པར་བྱ་སྟེ། སྤྱིར་བོད་སྐད་ལ་རྩ་བ་གཅིག་ཡིན་ནའང་ས་ཆ་རྒྱ་ཆེ་ཞིང་མི་སྡེ་འཐོར་བཀྲམ་ཆེ་བའི་དབང་གིས་སྒྲ་མི་འདྲ་བར་གྱུར་ལ། ས་ཆ་ལ་ལར་བོད་སྐད་བརྡ་རྙིང་གི་ཐོག་ནས་སྒྲ་གདངས་ཇེ་ཟབ་དང་ཇེ་ལྗིར་སོང་བའི་སྟེང་ནས་འགྱུར་ཡོད་པ་རྒྱལ་རོང་གི་སྐད་ལྟ་བུ་དང་། འགའ་ཞིག་འགའ་ཞིག་བརྡ་རྙིང་གི་ཐོག་ནས་བརྡ་གསར་དུ་འགྱུར་བ་དབུས་གཙང་གི་སྐད་ལྟ་བུ། འགའ་ཞིག་རང་ས་ནས་འགྱུར་ཚབས་ཆེ་བ་མགོ་ལོག་ཉ་མཚོའི་སྐད་ལྟ་བུ་དང་། འཛམ་ཐང་རྫོང་གཅིག་གི་ནང་དུའང་བོད་རིགས་ཡིན་ནའང་ཕན་ཚུན་སྐད་མི་འདྲ་བར་གྱུར་ནས་གོ་བརྡ་འཕྲོད་དཀའ་བ་ཁ་ཤས་ཡོད། དེ་དག་ཨེ་བདེན་ལྟོས་དང་ཤེས། ཀན་སུའུ་ཤ་ཧུ་རྫོང་གཅིག་གི་ནང་དུའང་འབྲོག་སྐད་ལ་སྔོན་རྗེས་ཀྱི་སྒྲ་གདངས་གསལ་ཞིང་དག་ཆ་ཆེ་བ་དང་།རོང་ཕྱོགས་ལ་སྔོན་རྗེས་ཀྱི་སྒྲ་གདངས་ཧ་ཅང་གསལ་བོ་མིན་ཞིང་དག་ཆ་ཆེ་བ་དང་། རོང་ཕྱོགས་ལ་སྔོན་རྗེས་ཀྱི་སྒྲ་གདངས་ཧ་ཅང་གསལ་བོ་མིན་ཞིང་། མཐོ་དམན་རིང་ཐུང་གི་ཁྱད་པར་ཅུང་ཟད་ཡོད་པ་ལྟ་བུ་རེད། དེས་ན་ཀན་ལྷོའི་བོད་སྡེ་འགའ་ཞིག་གི་སྐད་དང་མི་མཐུན་པས། བོད་སྐད་མིན་ནོ་ཞེས་བཤད་ག་ལ་ཐུབ། བོད་སྐད་མི་ཤེས་པའི་མི་ཞིག་གིས་ཟླ་གཅིག་ལྷག་གི་རིང་ལ་”བོད་སྐད་ཀྱི་རང་བཞིན་ཁོང་དུ་ཆུད་དོ”ཞེས་བཤད་རྒྱུ་ནི་དཀའ་སྙམ་ལ། ཀན་ལྷོའི་གཙོས་ཀྱི་སྐད་དང་མི་འདྲ་བའི་བོད་སྐད་མང་། དྭགས་པོའི་སྐད་ཀྱི་ནང་དུ་ཀན་ལྷོའི་སྐད་དང་མི་མཐུན་ས་མང་ནའང་། ནན་ཕིན་དང་། ཟུང་ཆུའི་བོད་མིའི་སྐད་དང་མཐུན་ས་མི་ཉུང་། ལྟོས་དང་ཤེས། དྭགས་པོའི་མི་མང་ཤོས་ཀྱིས་བོད་ཡིག་མི་ཤེས་པས་བོད་མ་རེད་ཟེར་བ་ལ་འདི་ལྟར། ཡི་གེ་ཡང་བོད་ཀྱི་ས་ཆ་མང་ཆེ་བར་སློབ་གྲྭ་མེད་པས། ཡི་གེ་དང་རིག་གནས་སློབ་མཁན་གཙོ་ཆེར་བླ་གྲྭ་དང་ཆོས་ལུགས་པ་ཡིན་པ་ལས། མི་སེར་གཞན་པ་ཕལ་ཆེར་གྱིས་ཡི་གེ་མི་ཤེས་ཤིང་། གསུང་རབ་ཀྱི་དོན་མི་གོ་དྭགས་པོའི་ཡུལ་དུའང་དེ་དང་འདྲ་བར་བོན་པོ་དང་སྔགས་པ་རྣམས་ཀྱིས་སློབ་པ་ལས། མི་སེར་གཞན་པ་ཕལ་ཆེར་གྱིས་མི་སློབ། བོད་ཀྱི་ས་ཆ་མང་ཆེ་བར་སྔོན་དུས་བོད་ཡིག་ནི་ཆོས་ཀྱི་བྱ་བར་བེད་སྤྱོད་པ་ལས། གཞན་དུ་བེད་སྤྱོད་མཁན་ཉུང་། དྭགས་པོའི་ས་ཆར་ཡང་དེ་དང་འདྲ། ཁྱེད་ཅག་གིས་བཤད་པ་འདིས་ཀྱང་དྭགས་པོའི་མིའི་གོམས་གཤིས་དེ་བོད་སྤྱི་དང་མཐུན་པ་ཤེས་ཐུབ་པོ། །གཉིས། ཐོན་སྐྱེད་བཀས་བཀོད་རྒྱུད་འཛིན་གྱི་འབྲེལ་བར་གཏོགས་པ་དང་། གདོད་མའི་སྤྱི་ཚོགས་ཀྱི་ལྷག་འཕྲོ་ཡོད་པས་བོད་མིན་ཟེར་བ་ལ་འདི་ལྟར། མཐའ་མཚམས་ཀྱི་བོད་རིགས་མང་ཆེ་བའི་སར། ཐོན་སྐྱེད་བཀས་བཀོད་རྒྱུད་འཛིན་གྱི་ཐོན་སྐྱེད་འབྲེལ་བར་གཏོགས་པ་དང་། གདོད་མའི་སྤྱི་ཚོགས་ཀྱི་ལྷག་འཕྲོ་ཅུང་ཟད་ཙམ་ཡང་ཡོད་དེ། དཔེར་ན། དམུ་དགེ་དང་། རྔ་བ། ཟུང་ཆུ་སོགས་སུ། ས་བདག་དང་། ཞིང་ཕྱུག་གིས་བཤུ་གཞོག་བྱེད་སྟངས་གཙོ་བོ་བུན་སྐྱེད་མིན་ལ། གླ་བཀོལ་ཡིན་པ་དྭགས་པོ་དང་འདྲ་སྟེ། རྒྱུན་གླ་ལས་གཞན། དཔྱིད་གླ། (དཔྱིད་རྨོའི་གླ་བ)སྟོན་གླ། (སྟོན་བསྡུའི་གླ་བ)ལྟ་བུ་དུས་ཐུང་གི་གླ་བ་ཡོད་པ་དྭགས་པོ་དང་འདྲ་བ་ཡིན། རྨོད་ཟོག་གཙོ་ཆེར་མཛོ་ཡིན་པ་དང་། ཁྱིམ་བགོས་ལ་ཞིང་སྐལ་དང་ཕྱུགས་སྐལ་སྟེར་བ་གཉེན་སྒྲིག་རྫོངས་བ་ལའང་སྟེར། ནགས་ཚལ་དང་རྩྭ་ས་སྡེ་བ་སྤྱི་ལ་དབང་བ། ས་རྒོད་བརྐོས་ཆོག་པ་སོགས་ཀྱང་གོང་སྨོས་ཀྱི་བོད་རིགས་འདུས་སྡོད་ས་ཆ་རྣམས་སུ་དྭགས་པོ་དང་འདྲ་འདྲ་རེད། ཞིང་འདེབས་སྐབས་ཀྱང་བོད་རིགས་འདུས་སྡོད་ཀྱི་ས་ཆ་དག་ཏུ་སྡེ་བས་མཉམ་ལས་བྱེད་པ་དང་། ཁྱིམ་ཁ་ཤས་ཀྱིས་མཉམ་ལས་བྱེད། ཁྱིམ་གཉིས་རེས་ལས་སྡེབ་བྱེད་པ། རྨོད་ཕྱུགས་ཡོད་པ་དང་མེད་པས་ལས་སྡེབ་བྱེད་པ་སོགས་དམུ་དགེ། ཤར་ཁོག ཏ་ཁོག་སོགས་མཐའ་མཚམས་ཀྱི་བོད་སྡེ་ཚང་མ་ཡང་དེ་འདྲ་ཡིན་ལ། དྭགས་པོ་ཡང་དེ་འདྲ་ཡིན་པ་ཁྱེད་ཅག་གིས་བཤད་པ་ལྟར་རེད། དྭགས་པོ་ཙམ་དུ་མ་ཟད། མཐའ་མཚམས་ཀྱི་བོད་རིགས་འདུས་སྡོད་ཀྱི་ཡུལ་དུ་མ་ཞིག་ཏུ་ཐོན་སྐྱེད་བྱེད་སྟངས་རྗེས་ལུས་ཡིན་པས་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་ཧ་ཅང་སྨིན་པའི་ཚོད་དུ་མ་སླེབས་པ་མང་བོ་ཡོད། དཔེར་ན། འཛམ་ཐང་མཐའ་ཁུལ་གྱི་བོད་རྣམས་ལྟ་བུའོ། ། གསུམ། གྱོད་བཤད་ལུགས་ཀྱིས་བོད་མ་རེད་ཟེར་བ་ལ་འདི་ལྟར། ཟུང་ཆུའི་ས་ཆ་ཁ་ཤས་དང་། དམུ་དགེ་ཆུ་ནག་སོགས་སུ། ཁ་བ་འགོ་བ་དང་། མི་རྒན་གྲགས་ཅན་གྱིས་གྱོད་བཤད་པ་དང་། “གཟུ་ཟན་མགོ་རྡུང་”ཟེར་བའི་རྒྱུ་ཟས་སྤྱོད་རྒྱུ་དང་། ཁྲིམས་ལུགས་ཀྱི་ཡི་གེ་མེད་པས་སོགས་དྭགས་པོ་དང་འདྲ་འདྲ་རེད། ཡིན་མིན་ལྟོས་དང་ཤེས། བོད་རིགས་འདུས་སྡོད་ཀྱི་ས་ཆ་ཡིན་པ་འདྲའང་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་དར་བ་དང་། སྡེ་ཤོག་གི་ལམ་ལུགས་ཡིན་པ་སོགས་འདྲ་མིན་སྣ་ཚོགས་ཡོད་དེ། དཔེར་ན། དབུས་གཙང་གི་ལམ་ལུགས་དང་། ཨ་མདོ་མཐའི་ལམ་ལུགས་མི་འདྲ་བ་དང་། ཟུང་ཆུ་རྫོང་གཅིག་པུ་ལ་མཚོན་ནའང་མཁར་གྱི་ཐག་ཉེའི་ལམ་ལུགས་དང་། མཁར་ལས་ཅུང་ཟད་རིང་བའི་ས་ཆའི་ལམ་ལུགས་མི་འདྲ་བ་ལྟ་བུ་རེད། བཞི། དྭགས་པོའི་རྒྱན་ཆ་དང་བཟའ་བཏུང་ཁང་བ་བཟོ་སྐྲུན་སོགས། ཕྱིང་ཞྭ་གྱོན་པས་བོད་མ་རེད་ཟེར་བ་ལ་འདི་ལྟར། ཕྱིང་ཞྭ་ནི་བོད་སྤྱིའི་ལུགས་ཡིན་ཏེ། ལྷ་རྨ་ཆེན་གྱི་སྐུ་ཕྱིང་ཞྭ་ཅན་བཟོ་བ་ནི། བོད་རང་གི་ཆར་ལུགས་ཡིན་པར《དེབ་ཐེར་དཀར་པོ》དང་《ཀླུ་སྒྲུབ་དགོངས་རྒྱན》ལས་བཤད། འབྲོག་པས་ཕྱིང་ཞྭ་མགོ་མདོང་གྱོན་པ་དང་། རོང་བས་ཕྱིང་ཞྭ་ཟླུམ་པོ་མཐའ་ཤན་ཅན་གྱོན་པ་རེད། དྭགས་པོའི་ཞྭ་དང་འདྲ་བ་གྱོན་མཁན་སྔར་དམུ་དགེ་དང་ཏ་ཁོག་སོགས་ལ་ཡོད་པར་མ་ཟད། དབུས་ཀྱི་དྭགས་པོས་ཀྱང་ཕྱིང་ཞྭ་དེ་ལྟ་བུ་གྱོན་པ་རེད། ཞྭ་ཐོག་ཏུ་བྱ་སྒྲོ་འཛུགས་པའང་བོད་ཀྱི་ལུགས་ཡིན་ཏེ། སློབ་དཔོན་པདྨའི་དབུ་ཞྭ་བྱ་སྒྲོ་ཅན་གྱོན་པའི་སྐུ་འབྲི་བའང་བོད་རང་གི་ལུགས་ལྟར་བྲིས་པ་དང་། གླིང་སེང་ཆེན་གྱི་སྐུ་འབྲི་ཚེ་བྱ་སྒྲོ་ཅན་གྱི་ཞྭ་གྱོན་པ་འབྲི་བ་དང་། སྐུ་རྟེན་དང་ལྷ་བའི་རྨོག་ཞྭའི་ཐོག་ཏུ་བྱ་སྒྲོ་མང་བོ་འཛུགས་པ་ནི་བོད་རང་གི་ཆ་ལུགས་རེད། གནའ་སྲོལ་དཔའ་བོ་ལ་རྒོད་ཀྱི་སྒྲོ་དང་། སྡར་མ་ལ་ཁཱ་ཏའི་སྒྲོ་འདོགས་པའི་སྲོལ་ཡང་ཡོད། དབུས་ཀྱི་བླ་མ་རིག་འཛིན་རྒོད་འཕྲུ་ཅན་ཟེར་བའང་ཞྭ་ལས་བཏགས། དེས་ན་ཕྱིང་ཞྭ་གྱོན་པ་དང་། མགོ་ལ་བྱ་སྒྲོ་འཛུགས་པའང་བོད་ཀྱི་ལུགས་ཡིན་པ་བཤད་མ་དགོས། གསོ་མའི་ལྭ་གྱོན་པས་བོད་མ་རེད་ཟེར། གསོ་མའི་ལྭ་བ་གྱོན་པའམ་བོད་ཀྱི་ཆ་ལུགས་ཡིན་ཏེ། རོང་ཁུལ་གསོ་མ་ཐོན་པའི་ས་ཆར་གསོ་ལྭ་གྱོན་པ་དང་། ཕྱུགས་ལུག་ཅུང་ཟད་མང་བའི་སར་ཕྱུགས་སྤུའི་ལྭ་བ་གྱོན་པ་དང་། འབྲོག་ཁུལ་དུ་ཕྱིང་བའི་གོས་དང་སློག་པ་གྱོན་པ་རེད། དྭགས་པོའི་ཕོའི་རིགས་ཀྱིས་གོས་ཅུང་ཟད་བབ་ཆགས་པ་དང་། མོའི་རིགས་ཀྱིས་གོས་དང་རྒྱན་གཟབ་མཆོར་བྱེད་པའང་བོད་སྤྱིའི་ལུགས་རེད། སྐྱེས་པའི་རུམ་ཆེ་བ་དང་བུད་མེད་ཀྱིས་རལ་མཐུད་འཕེན་པ། སྐེད་རགས་ཁྲ་བོ་དང་རས་སྐེད་བཅིངས་པ། དུང་དང་འགྲོན་བུ་འདོགས་པ། གོས་ཀྱི་ཕུ་ཐུང་ཡངས་པ་དག་མདོ་སྨད་ཀྱི་ཐེ་བོ་དང་ཧོར་གཙང་སོགས་བོད་ཡུལ་སོ་སོར་ཡོད་པར་མ་ཟད། བོད་ཡུལ་དབུས་ཀྱི་ཆ་ལུགས་ཀྱང་རེད། རྐང་དཀྲིས་བཅིངས་པ་ཡང་ས་རོང་རྩུབ་སའི་བོད་མི་དག་གི་ཆ་ལུགས་ཡིན་ཏེ། མདོ་སྨད་ཀྱི་དྭགས་པོ་མ་ཟད། ཆུ་ནག་རྒྱུད་དང་། རྒྱལ་མོ་ཚ་བ་རོང་སོགས་དང་གཞན་པ་ས་རོང་རྩུབ་ས། དཔེར་ན། དབུས་ཀྱི་དྭགས་པོ། ཀོང་པོ། སྤོ་བོ་སོགས་ཀྱིས་ཀྱང་བཅིངས་པ་རེད། སྐྲ་ལ་སྣུམ་འབྱུག་པའང་བོད་ཀྱི་གོམས་སྲོལ་ཡིན་ཏེ། འབྲོག་པས་མར་འབྱུག་པ་དང་། རོང་བས་ཕག་ཞག་འབྱུག་པ་ལྟ་བུའོ། ། ཟས་ཀྱང་ཡུག་པོ་དང་། བྲ་བོ། ཡུང་མ། ཚོད་མ་སོགས་ཟ་བ་ནི་བོད་ཀྱི་རོང་ཁུལ་རྒྱ་ཆེན་པོའི་གོམས་གཤིས་རེད། ད་སྐབས་ཀྱང་ཟུང་ཆུའི་སྨད་རྒྱུད། ཆུ་ནག་རྒྱུད། རྒྱལ་མོ་རྔུལ་ཆུའི་རྒྱུད་སོགས་ཀྱི་བོད་མིའི་ས་ཆར་ལྟོས་དང་ཤེས།བོད་ཀྱི་འབྲོག་ཕྱོགས་སུ་ཤ་ཟ་རྒྱུ་མོད་པ་དང་། རོང་ཕྱོགས་སུ་ཤ་ཟ་རྒྱུ་ཉུང་བ་དང་། རྟ་ཤ། བོང་ཤ། ཁྱི་ཤ་མི་ཟ་བ་ནི་བོད་སྤྱིའི་གོམས་གཤིས་རེད། འབྲོག་ཕྱོགས་གྲང་ངར་ཆེ་སར་ཤ་རྗེན་ཟ་ཡང་། རོང་ཕྱོགས་སུ་དྭགས་པོ་ལྟ་ཤ་རྗེན་ཆེར་མི་ཟ། མར་ཆུར་ལ་དགའ་མི་དགའ་རོང་འབྲོག་དང་སྟོད་སྨད་ལ་ཁྱད་པར་ཡོད། ཤར་ཇ་མི་འཐུང་བས་བོད་མ་རེད་ཟེར། ཤར་ཇ་ནི་ཁམས་དང་དབུས་གཙང་གི་བོད་མིས་ཀྱང་མི་འཐུང་། རྒན་གཞོན་གྱི་བརྩི་འཇོག་དང་། ཕོ་མོའི་བརྩི་འཇོག་ཀྱང་བོད་རིགས་གཞན་དག་དང་དྭགས་པོ་འདྲ། དཀྱིལ་ཀྲུང་གིས་འདུག་པ་དང་། ཤ་ཕོས་གཏུབ་པ་དང་། ཕྱེ་མོས་བསྣོ་བ་སོགས་ཀྱང་བོད་སྤྱིའི་གོམས་སྲོལ་རེད། ཁང་བ་རྡོ་ཁང་གྲུ་བཞི། ལྷོ་ཕྱོགས་སུ་ཁེབ་ཐོག་གམ་ཉིན་ར་ཡོད་པ། ཤིང་གི་ཁེར་སྐས་ཡོད་པ། ཁང་འོག་ཏུ་ཕྱུགས་དང་ཁང་སྟེང་དུ་མི་འདུག་པ་དག་བོད་ཀྱི་ལུགས་སྲོལ་ཡིན་པ་ཟུང་ཆུ། ཆུ་ནག དམུ་དགེ། རྔ་བ། མཚོ་སྔོན་སོགས་ལ་ལྟོས་དང་ཤེས། ཁྲ་སྒམ་ནང་དུ་དཀར་ཡོལ་དེམ་སོགས་སྒྲིག་པ། དཀྱིལ་དུ་མེ་ཐབ་ལྕགས་སྒྱེད་རྐང་གསུམ་དང་། ཐབ་ཀའི་གོང་ངམ་བྱང་དུ་བཟའ་དཔོན་འདུག་པ་དང་། ཁང་ཐོག་ཏུ་མཆོད་ཁང་། ཡང་ཐོག་ཏུ་རྩྭ་དང་ཕུབ་མ་འཇོག་པ། ནུབ་མོ་བཟའ་དཔོན་དང་རྒན་པ་ལས་གཞན་རྣམས་ཐབ་ཀྱི་མཐར་ཉལ་བ། ཁང་ཐོག་གཤགས་མ་སྟེ་གཤགས་པའི་ཤིང་ལེབ་ཀྱིས་འགེབས་པ་སོགས་བོད་ལུགས་རེད། ཐེ་བོ། ཅོ་ནེ། ཟུང་ཆུ། དམུ་དགེ་སོགས་སུ་ད་ལྟའང་དེ་ལྟར་རེད། འགོ་བ་དང་། ཕྱུག་པོ་ལས་གཞན་ལ་ཨོང་སྟེགས་དང་མདུན་ཅོག་ཀྱང་མེད་པ་བོད་གཞན་དང་འདྲ། གཉེན་སྒྲིག་དང་། དུར་འདེབས་ཀྱང་དྭགས་པོའི་ལུགས་དེ་བོད་སྤྱི་དང་འདྲ། དཔེར་ན། དམུ་དགེ་དང་། ཤར་ཁོག མཚོ་སྔོན་གྱི་ས་ཆ་འགར་ཡང་དགུན་མེར་སྲེག་པ་དང་། དབྱར་ས་དུར་དང་ཆུ་དུར་བྱེད་པ་རེད། དེའི་རྒྱུ་མཚན་ཡང་དབྱར་རོ་བསྲེགས་ན་ཡུལ་ལྷ་གཞི་བདག་གི་ཐུགས་མི་དགྱེས་པས་ལོ་ཏོག་ལ་གནོད་ཟེར་ནས་ས་དུར་ཆུ་དུར་བྱེད། དྭགས་པོའི་ཆོས་ལུགས་ཀྱང་བོད་ཀྱི་གནའ་ཆོས་བོན་པོ་རེད། བོན་པོ་ལ་སྔ་དང་ཕྱི་དར་གཉིས་ཡོད། སྔ་དར་ལ་ཁྱིམ་སྔགས་དང་ཕྱི་དར་ལ་རབ་བྱུང་ཡང་ཡོད། དྭགས་པོའི་སྟོད་ལ་རབ་བྱུང་ཡོད་པ་རེད། བོད་གྱི་རབ་བྱུང་དགོན་པར་འཚོགས་ཚེ་གཟན་ཤམ་གྱོན་ནས་ཆོས་འདོན་པ་དང་། ཚོགས་ཆོས་གྲོལ་རྗེས་གྲོང་དུ་སོང་ནས་ཞིང་ལས་བྱེད་པ་དེ་ཤར་བ་སོགས་དང་དྭགས་པོ་འདྲ། ཡུལ་འདི་ཕྱོགས་ནས་བོན་པོ་མཁས་པ་མང་པོ་བྱུང་མྱོང་བའི་སྐོར་གྱི་ལོ་རྒྱུས་ཤར་ཁོག་གི་བོན་དགོན་རྣམས་ཀྱི་གདན་རབས་བསྟན་རྩིས་དག་ནའང་གསལ། རི་བྲག་སོགས་མཆོད་པས་བོད་མ་རེད་ཟེར། གནའི་བོན་ལུགས་ལ། ཉི་ཟླ་སྐར་གསུམ་མཆོད་ཡུལ་དུ་བྱེད་པར་མ་ཟད། རི་བྲག་ནགས་ཚལ་ལ་སོགས་པར་གནས་པའི་ལྷ་མཆོད་པ་ཡིན་པ་ཨོ་རྒྱན་གླིང་བའི་《བཀའ་ཐང་ཤེལ་བྲག་མ》ལས་ཀྱང་རྒྱས་པ་ཞིག་གསུངས་སོ། །རི་མགོར་ལབ་རྩེ་བརྩིགས་ནས་ལབ་རྩེ་བསྟོད་པ་དང་། བསང་གཏོང་བ་སོགས་ཀྱང་དྭགས་པོ་དང་འདྲ་བར་བོད་སྤྱི་ལ་དར་སོ་ཤིན་ཏུ་ཆེ། དམར་མཆོད་བྱེད་པའང་གནའི་བོན་ལུགས་ཡིན་ཏེ། གནའ་དུས་ཟླ་གཉིས་པའི་ནང་དམར་མཆོད་བྱེད་པ་ཡིན་མོད། ཆོས་དར་ནས་ཆོས་དར་བའི་ཡུལ་དུ་དམར་མཆོད་བྱེད་པ་མཚམས་བཅད་ཟིན་པ་ཡང《བཀའ་ཐང》ན་གསལ། ཟླ་དང་པོ་ནས་སྨོན་ལམ་ཆེན་མོ་འཚོགས་པ་དང་མཉམ་དུ། ཁྱིམ་པ་རྣམས་ཀྱིས་ཀྱང་ཕྱག་མཆོད་བསྐོར་བ་སོགས་ཀྱི་དགེ་སྒྲུབ་བྱེད་པར་བསྒྱུར། འོན་ཀྱང་དྭགས་པོའི་ཡུལ་དེར་ཆོས་རགས་རིམ་ཙམ་ལས་མ་དར་བར་བོད་ཀྱི་གནའ་ལུགས་ལྟར་ཟླ་གཉིས་པའི་ནང་དམར་མཆོད་དང་། ཟླ་ལྔ་བའི་བཅོ་ལྔའི་ཉིན་ལྷ་མཆོད་པ་རེད། དྭགས་པོ་མ་ཟད། ཤར་བ་དང་ཁམས་ཀྱི་ས་ཆ་འགའ་ཞིག དམུ་དགེ་སོགས་བོད་ཀྱི་ས་ཆ་གཞན་དུའང་དེ་ལྟར་ཡིན་ཏེ། སྡེ་བ་འགའ་ཞིག་གིས་དེའི་ཉིན་ཟོག་བཤས་ཏེ་དམར་མཆོད་བྱེད། ཟླ་བདུན་པའི་ནང་སྟོན་བསྡུའི་སྔོན་ཟོག་བཤས་ནས་ལྷ་མཆོད་ཅིང་སྤྲོ་སྐྱིད་བྱེད་པ་གནའ་སྲོལ་ཡིན། བཅིངས་འགྲོལ་རྗེས་སུའང་། སྟོན་བསྡུའི་སྔོན་དུ་ཕྱུགས་ལུག་བཤས་ཏེ། སྤང་ཐང་དུ་ཉིན་ཤས་ལ་སྤྲོ་སྐྱིད་བྱེད་པ་རྔ་བ་དང་བླ་བྲང་སོགས་སུ་ད་དུང་ཡང་ཡོད། སྟོན་བསྡུའི་རྗེས་སུ་ཟླ་བཅུ་བ་ཡར་མར་ལ་སྟོན་བསྡུ་རྫོགས་པའི་དགའ་སྟོན་དུ་ལྷ་མཆོད་བྱེད་པའི་སྲོལ་ཡོད་པ་བཞིན་དུ། ཕྱུགས་ལུག་བཤས་ནས་རི་མགོར་སྤྲོ་སྐྱིད་བྱེད་པའི་སྲོལ་རྔ་བ་སོགས་སུ་ད་ལྟའང་ཡོད། དེས་ན་དྭགས་པོའི་ལམ་ལུགས་དེ་ཡང་བོད་ཀྱི་གོམས་གཤིས་ཤིག་རེད། རྒྱའི་གོམས་གཤིས་ཀྱི་ཤན་ཞུགས་པའི་དུས་སྟོན་གཅིག་དང་གཉིས་རེ་ཡོད་པ་དྭགས་པོ་མ་ཟད། བོད་སྤྱི་དང་ཁྱད་པར་དུ་ཟུང་ཆུ་སོགས་མཐའ་མཚམས་ཀྱི་བོད་ལའང་ཡོད། ཐབ་དང་མཆོད་ལྷ་ལ་གཙང་སྦྲ་བྱེད་པ་དང་། ནད་པ་ཁྱིམ་དུ་ཡོད་དུས་འགྲུལ་བ་འོང་དུ་མི་འཇུག་པ་དང་། གལ་ཏེ་ཡོང་དགོས་བྱུང་ཚེ་གདོན་འདྲེ་འགོག་པའི་ཆེད་དུ། མདུན་དུ་མེ་རོ་འཕེན་པ་དང་། ནད་པ་ཁྱིམ་དུ་ཡོད་ཚེ། ཉེ་གནས་དང་། རང་གི་ཁྱིམ་མི་ཐག་རིང་ནས་འོངས་ཚེ། ཡང་མདུན་ན་མེ་རོ་འཕེན་པ་སོགས་ཀྱང་བོད་སྤྱིའི་གོམས་གཤིས་རེད། ཆབ་སྲིད་ཀྱི་གོ་གནས་ལ་མ་བལྟོས་པར། ལོ་ན་རྒན་པ་ལ་བརྩི་བཀུར་བྱེད་པ། རྔོན་པ་དག་གིས་རྔོན་ཁྱི་ལ་གཅེས་སྤྲས་བྱེད་པ། ཁྱིམ་ལས་གཙོ་བོར་བུད་མེད་ཀྱིས་བྱེད་པ། བུད་མེད་ཀྱིས་ཞིང་ལས་བྱེད་ཀྱང་། རྨོད་ལས་སྐྱེས་པས་བྱེད་པ་སོགས་ཀྱིས་བོད་མ་ཡིན་པ་བསྒྲུབ་མི་ནུས་ཏེ། བོད་སྤྱིའི་གོམས་སྲོལ་ཡིན་པར་མ་ཟད་མི་དཔའ་བོ་དང་ཡ་རབས། ཡོན་ཏན་ཅན་ལ་བརྩི་བཀུར་དང་བྱ་དགའ་སྟེར་བ།གཤིས་ངན་དང་མ་རབས་ལ་ཆད་པ་གཅོད་པ། བུད་མེད་ཀྱིས་ཁྱིམ་ལས་ཙམ་ཞིག་བསྒྲུབ་རྒྱུ་ལས་ཆབ་སྲིད་ཀྱི་ལས་ཀ་ལ་ཁ་གྲག་མི་ཆོག་པ་སོགས་སྲོང་བཙན་དང་ཁྲི་སྲོང་སོགས་ཀྱི་ཁྲིམས་ཡིག་དུའང་གསལ་བོར་བཀོད་ཡོད་པས། དྭགས་པོའི་ལམ་ལུགས་ཙམ་ཞིག་ག་ལ་ཡིན། ཆ་ལུགས་ནི་ཡུལ་སོ་སོར་མི་འདྲ་བ་ཅུང་ཟད་རེ་ཡོད་མོད། གཞི་རྩའི་ཐོག་གཅིག་པ་ལྟར། དྭགས་པོའི་ཆ་ལུགས་གཞི་རྩའི་ཐོག་བོད་ཀྱི་ཆ་ལུགས་རེད། རང་བཞིན་འཇམ་པས་བོད་མ་ཡིན་ཟེར་ག་ལ་རུང་། བོད་མི་དག་རང་བཞིན་འཇམ་པོ་རེད། རང་བཞིན་ཧ་ཅང་འཇམ་པའི་བོད་མི་གཞན་ཡང་ཡོད། གླུ་ཚིག་ནི་བོད་ཀྱི་ཡུལ་གྲུ་སོ་སོར་ཁྱད་ཆོས་རེ་ཡོད་པས། གླུ་ཚིག་མ་ཟད་སྐད་ཀྱི་གདངས་ལའང་ཡུལ་སོ་སོར་ཡང་ལྗིའི་ཁྱད་པར་ཡོད། རུས་མི་བརྗོད་པར་མིང་ནས་འབོད་པ་བོད་བྱིངས་ཀྱི་ལུགས་རེད། གོམས་གཤིས་ལ་མི་རིགས་གཞན་གྱི་ཤན་ཤོར་ནས་འདྲེས་པའི་རང་བཞིན་བོད་རིགས་གཞན་ལའང་ཡོད་དེ། བྱང་ཕྱོགས་ཀྱི་རྒྱ་བོད་མཚམས་ཀྱི་བོད་མིའི་སྐད་ཀྱི་ནང་དང་གོམས་གཤིས་ལ་བྱང་རྒྱའི་ཤན་ཡོད་པ་དང་། ལྷོ་ཕྱོགས་ཀྱི་རྒྱ་བོད་མཚམས་ཀྱི་བོད་མིའི་སྐད་དང་གོམས་འདྲིས་ནང་། དེ་དག་གི་དེ་ཚོ་འདྲེས་ནས་ཡོད་པ་ལྟ་བུ་རེད། དེ་ལྟར་བོད་རིགས་མིན་པའི་སྒྲུབ་བྱེད་རྣམས་བོད་རིགས་ཡིན་པའི་སྒྲུབ་བྱེད་དུ་སོང་འདུག ཆོས་ལུགས་ཐད་བོན་པོ་ཞེས་པའི་བོད་ཡིག་དེ། བོད་ཀྱི་ཡུལ་གྲུ་སོ་སོའི་སྒྲ་གདངས་ལ་ཁྱད་པར་ཡོད་དེ། དཔེར་ན། འབྲོག་ཁུལ་དག་ཏུ། བོན་པོ་ཞེས་པ་དེ། རྒྱ་ཡིག“本波”འདིའི་སྒྲ་དང་ཅུང་འདྲ་བས། རྒྱ་ཡིག་ལ་དེ་འབྲི་བ་མང་། ནན་ཕིན། ཟུང་ཆུ། ཆུ་ནག ཁམས་ཀྱི་རོང་ཁུལ་སོགས་སུ་བོན་པོ་ཞེས་པའི་སྒྲ་དེ། རྒྱ་ཡིག་གི“北布”ཞེས་པའི་སྒྲ་དང་ཐག་ཉེ། དེར་བརྟེན་ཞིབ་འཇུག་པ་འགས། ཆོས་ལུགས་བོན་པོ་མ་རེད“北布”རེད་ཅེས་ཐག་བཅད། དེ་ལྟ་བུའི་ཆོས་ལུགས་དེའི་སྟོན་པ་སུ་རེད། སྤེལ་མཁན་སུ་རེད། ཐོག་མར་ས་གང་ནས་དར་བ་རེད། འོ་ན་ཟུང་ཆུ་དང་། ནན་ཕིན་གྱི་བོན་དག་ཀྱང་ཆོས་ལུགས་དེ་རེད་དམ། དེ་དག་གིས་ངག་ལམ་ནས། བོན་པོ་ཞེས་པ“北布”ཞེས་པའི་སྒྲ་དང་ཐག་ཉེ་བ། དྭགས་པོའི་སྒྲ་དང་འདྲ་འདྲ་འབྱུང་བའི་ཕྱིར། དེས་ན་འདིའི་ཞིབ་འཇུག་བྱེད་ཚུལ་ནི། རྩོད་སྒྲུབ་ཀྱི་དངོས་གཙོ་སྨྲ་བའི་ལུགས་ཤིག་ག་ལ་ཡིན་ཏེ། ཟླ་གཅིག་ཙམ་གྱིས་ཚང་མ་ཁོང་དུ་ཆུད་ཁུལ་བྱས་ཏེ། ཐག་བཅད་འདུག ཐ་ན་དྭགས་པོ་དང་ཉེ་བའི་ནན་ཕིན་དང་ཟུང་ཆུ་སོགས་ཀྱི་བོད་ཀྱི་གོམས་གཤིས་ལུགས་སྲོལ་དག་ཀྱང་མ་མཐོང་མ་ཤེས་འདུག་སྟེ། དེ་དག་དང་གཅིག་པ་གཅིག་རྐྱང་གི་གོམས་འདྲིས་ལུགས་སྲོལ་རྣམས་ཁྱེར་ཡོང་ནས། བོད་རིགས་མིན་པའི་སྒྲུབ་བྱེད་བྱས་འདུག གཞན་གོ་ཐོས་ཁུངས་ལྡན་ལ་ཞིབ་འཇུག་པ་རྣམས་ཀྱིས་དྭགས་པོའི་ས་ཆ་རྡོ་རིང་ཡོད་པའི་ངོས་ལ་རྒྱ་ཡིག་མ་ཡིན་པའི་ཡི་གེ་ཡོད་པ་དང་། བོས་ཡིག་གི་གླེགས་བམ་རྙེད་པ་རེད་ཟེར། འོན་ཀྱང་ཡར་ཞུའི་ཡིག་ཆའི་ནང་དུ་སྒྲ་ཙམ་ཡང་མ་བཤད། དེ་དག་གི་པར་བླངས་ནས་ཁྱེར་ཡོང་ན། དེང་དུས་ལོ་རྒྱུས་ཞིབ་འཇུག་ལ་མཁོ་ཡང་། མ་མཐོང་མ་རིག་པའི་ཚུལ་དུ་འཇམ་མོག་གེ་འདུག རྡོ་རིང་གི་ཡི་གེ་དེ་ཡང་བོད་ཀྱི་གནའ་ཡིག་ཡིན་རྒྱུ་རེད་སྙམ། མདོར་ན། རྩོད་སྒྲུབ་ཀྱི་རིགས་པས་མི་རིགས་ཀྱི་ཁྱད་པར་འབྱེད་པའི་རྩ་བའི་རྩ་དོན་ལ་བསྟུན་ཏེ། གོང་དུ་བཤད་པའི་ཞིབ་འཇུག་གི་དཔྱད་གཞི་ལ་བརྟེན་ནས་དབྱེ་འབྱེད་བྱས་ན། དྭགས་པོའི་མིའི་སྐད་ལུགས། གོམས་གཤིས། རྒྱུན་སྲོལ། ཐོན་སྐྱེད་རྣམ་པ། སྤྱི་ཚོགས་ཀྱི་རྩ་འཛུགས་སོགས་གང་ཐད་ནས་བོད་རིགས་དང་ཐུན་མོང་བ་ཤས་ཆེ་བས། དྭགས་པོ་བོད་རིགས་ཡིན་པའི་སྒྲུབ་བྱེད་དང་ཁུངས་བཙན་ལ། ཏིས་རིགས་ཡིན་པའི་ཁུངས་ཅུང་ཟད་ཀྱང་མེད་དོ། །
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]