ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> འཕྲིན་གསར། >> ཆེད་ཞུ།

ཆེད་ཞུ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ངེད་དྲ་བ།] [ཟླ་ཚེས། 10-06-01] [ཀློག་གྲངས། ]

འཛམ་གླིང་གོ་ལ་ཟླུམ་པའི་ཁྱོན་ན་འཚོ་ཞིང་བཞེས་པའི་ཤ་རུས་གདུང་རྒྱུད་གཅིག་ལས་མཆེད་ཅིང་སྐད་དང་རིག་གནས་གཅིག་ལ་དུངས་པའི་བོད་རིགས་སྤུན་ཟླ་རྣམ་པ་ལགས། ངེད་ཅག་མགོན་མེད་སྐྱབས་མེད་ཀྱི་རིག་གནས་ལ་ཤ་ཞེན་ཆེ་བས་མི་འགའི་བོད་ཆེན་པོའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཆེད་མ་བསྐུལ་དང་བླངས་སྒོས་ཞབས་ཞུ་ཞིག་སྒྲུབ་ཐུབ་པ་དགའ་བའི་གནས་སུ་ཆེ་མོད། འོན་ཀྱང་རང་ཅག་མཚོན་ན་དཔག་བསམ་བཟང་པོ་ཞིག་ལས་འདི་ལྟ་བུའི་ལས་ཤིག་སྒྲུབ་པ་ཁྱུང་ཚབ་ཁྭ་ཏའི་མི་ཐེག་པ་བརྗོད་མ་དགོས་ན་ཡང་། པཎ་ཆེན་མི་ཕམ་ཟླ་བས། འོན་ཀྱང་ཀུན་ཡིད་ཚིམ་པ་སུས་ཀྱང་དཀའ།། བླུན་པོའི་ཡིད་ལ་མ་བབས་སྐྱོན་དུ་ཆུང་།། མཁས་པ་ཁྲེལ་ན་གསོན་པོ་སྲོག་བྲལ་དང་།། མཚུངས་པར་གསུངས་དེ་བདག་གི་སྙིང་ལ་བཞག། ཅེས་གསུངས་པ་ལྟར་སྔོན་བྱོན་ཡབ་མེས་དམ་པ་རྣམས་ལ་རྗེས་དྲན་དང་དེང་སྐབས་གོ་ལ་ཡངས་པའི་ཁྱོན་ན་བཞུགས་པའི་མཁས་བཙུན་བཟང་གསུམ་གྱི་གཡུ་རལ་གནམ་དུ་གསིག་པའི་སྐྱེས་ཆེན་དམ་པ་ལུང་རྟོགས་ཀྱི་ཡོན་ཏན་ཐེག་པར་དཀའ་བ་གངས་ལྗོངས་ཡུལ་གྱི་རྒྱན་དུ་བྱོན་པ་རྣམས་ལ་མཆོད་སྤྲིན་དུ་དམིགས་ཏེ་བརྗོད་པའི་དབང་དུ་བཏང་ན་བོད་ཀྱི་རིག་གནས་རྒྱ་ཆེ་ཞིང་ལོ་རྒྱུས་ཀྱི་རྒྱུན་རིང་བས་བརྗོད་ཐབས་དབེན། དེ་བས་དེང་དུས་ཧ་ཅང་འཇིགས་ཉེན་ཆེ་བའི་རིགས་ཉར་ཚགས་ཀྱི་ཚུལ་དུ་ཅུང་སྤེལ་བ་རྣམས་ཤེས་ཡོན་དང་ཉམས་མྱོང་སོགས་ཞན་པས་སྒྲུབ་ཚུལ་མི་འདང་ས་མང་པོ་ཞིག་མཆིས། དེ་རིགས་ལ་དགོངས་དག་ཞུ་བ་དང་ཆབས་གཅིག་ངེད་དྲ་བའི་འགྲོ་གྲོན་ཡོངས་མི་སྒེར་ནས་ཕངས་པ་མེད་པར་བཏང་བ་འདི་ཡང་དུངས་ཞེན་དང་ན་ཟུག་ཅིག་གིས་ཀུན་ནས་བསླངས་པ་ལས་གཞན་ཞིག་ལས་མ་འདས་སྟབས་སྲོལ་རྒྱུན་གྱི་ར་བ་ལས་འགོང་ཡང་མི་ཐུབ་ལ་འགོང་ཡང་མི་རུང་སྙམ། མི་རིགས་དང་རྒྱལ་ཁབ་གང་ལ་མཚོན་ནའང་སྲོལ་རྒྱུན་ནི་མིའི་རིགས་ཡུན་གནས་ཀྱི་སྲོག་རྩ་ཡིན་པས་དེ་ལས་མི་འདའ་བར་རྒྱུན་བསྐྱངས་རྒྱུ་ནི་ངེད་ཅག་གི་དམ་བཅའ་ཡིན་ལ། མ་འོངས་ནའང་ཙོང་ཆུའི་རྒྱུན་དང་བསྡོངས་ཏེ་ཡུན་དུ་གནས་རྒྱུའི་རེ་བ་བླ་ལྷག་ཏུ་ཆེ་བས་བོད་རིགས་ཤེས་ལྡན་པ་རྣམས་ཀྱིས་འགལ་རྐྱེན་གྱི་བཀག་རྒྱ་མི་བསྐྲུན་པར་མདུན་བསྐྱོད་ཀྱི་སྡོངས་གྲོགས་ཤིག་གནང་རྒྱུའི་མཐུན་འགྱུར་རེ་ཐུགས་འཇགས་འཚལ།།

                                                                                                                                    སྤྱི་ལོ༢༠༡༠ལོའི་ཟླ༤ཚེས༡༥ཉིན།

 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]