ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> འཕྲིན་གསར། >> འདོད་འཇོ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ།

འདོད་འཇོ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ།

[རྩོམ་གྱི་ཡོང་ཁུངས། ཙོང་ཆུའི་དྲ་བ།] [རྩོམ་པ་པོ། ཤེས་རབ་རྒྱ་མཚོ།] [ཟླ་ཚེས། 11-03-20] [ཀློག་གྲངས། ]

             ༄༅། །འཛམ་གླིང་ཁྱད་པར་རྣམ་ལྔས་ཆེ་བའི་གཞིར། ། རྒྱལ་བསྟན་མངའ་བདག་རྒྱལ་བ་པཎ་ཆེན་ཞེས། ། གྲགས་སྙན་མཁའ་ཁྱབ་སྐྱེ་རྒུའི་རྣ་ལ་འདུ། ། ཕྱོགས་ཀྱི་ཚངས་པས་འགོད་ལ་སུ་མི་གུས། །བློ་ཆེན་བཟང་པོའི་འཕྲིན་ཡིག་འཇོ་བའི་ལས། ། གཞོན་ནུ་ཉིད་ནས་རེ་སྐོང་ནོར་བུ་བཞིན། ། མི་རྟོག་ལྷུན་གྲུབ་ཆོས་ཀྱི་སྒྲར་བསྒྲགས་པ། ། འདི་ན་རྣམ་པར་རྒྱལ་བའི་མཚན་མར་མཛེས། ། ཤེས་བྱ་རབ་གསལ་རིག་པའི་རྒྱ་མཚོ་ཆེ། ། འཕགས་མཆོག་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱིས༑༑ རང་གཞན་དད་གསུམ་འཛུམ་བརྒྱ་འབྱེད་པའི་ཕྱིར། ། ཀུན་ལ་སྙོམས་སོགས་ཤས་ཙམ་དགྲོལ་བར་བགྱི། ། དེ་ཡང་འདི་སྐད་ཅེས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་དགུང་ལོ་དབང་ཕྱུག་གི་གྲངས་སུ་ཕེབས་པ་ན།

 ཀུན་ལ་སྙོམས་མཛད་མེད་པོ་རྣམ་དག་པ། །

བཙན་པོ་ཕྱུག་པོ་མེད་པོ་སྡུག་མཐོང་བ། ། 

                                                                                         སངས་རྒྱས་དཀོན་མཆོག་བཙན་པོ་གཉོམ་ཆུང་སྙོམས་འཇུག་པ། །
                                                                                         སངས་རྒྱས་དཀོན་མཆོག་ཐུགས་དད་ཕྱག་འཚལ་ལོ། །

      ཞེས་པའི་ཤློོཀ་འདི་མེ་ལོང་གཡའ་དག་གི་རང་མདངས་ཐོལ་བྱུང་དུ་གསུངས་པར་ཐོས་ཏེ། ཇི་ལྟར་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་སྐུ་བལྟམས་མ་ཐག་ནས་རང་ཉིད་འཇིག་རྟེན་གསུམ་ན་འགྲན་ཟླ་མེད་པར་ཞལ་གྱིས་འཆེས་པ་དང། མི་འཇིགས་པ་བཞིའི་སྒོ་ནས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅས་པ་དང་། སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན་ཏུ་བཀའ་སྩལ་པ་ལ་སོགས་པ་དང་རྗེས་སུ་མཐུན་ཞིང་། གཞན་ཡང་རྒྱུན་དུ་ཞུགས་པ་དང་། དགྲ་བཅོམ་པ་རྣམས་ཀྱིས་སོ་སོའི་འབྲས་བུ་ཐོབ་པ་ན་རང་རང་གི་རྟོགས་པ་བརྗོད་པ་ལ་སོགས་པ་མདོ་དང་བསྟན་བཅོས་སུ་གསལ་པའི་དམ་པའི་རྣམ་ཐར་ཆེས་མང་པོར་དཔེར་བྱའོ། ། དེ་ལ་ཐོག་མར། ཀུན་ལ་སྙོམས་མཛད་ཅེས་གསུངས་ཏེ། ལམ་དང་འབྲས་བུའི་གནས་སྐབས་ཐམས་ཅད་དུ་འགྲོ་བ་ཀུན་ལ་ཆགས་སྡང་གི་རིས་སུ་གཅོད་པ་སྤངས་པའི་གཏམ་སྙོམས་ཆེན་པོས་བྱམས་པ་དང་བརྩེ་བར་མཛད་པ་ང་ཡིན་ནོ། ཞེས་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་གཞི་རྟེན་ངེས་དོན་རྡོ་རྗེའི་ཚིག་ཏུ་དམ་བཅས་སོ། ། དེ་ནས་མེད་པོ་རྣམ་དག་པ་ཞེས་གསུངས་ལ། ད་ལྟའི་མཚན་དཔེའི་འཁྲི་ཤིང་གང་དུ་བཞད་པའི་ཡུལ་བིས་མདོའི་སྐད་དུ་དབུལ་བོ་ལ་མེད་པོ་ཟེར་བ་དེའི་བརྡ་དང་མཐུན་པར་མཛད་པ་སྟེ། འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པ། ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟནཏོ། ཞེས་སོགས་ལྟར་རོ། དོན་ནི། མཁའ་ཁྱབ་ཕ་མའི་འགྲོ་བ་མཐའ་དག་རྒྱལ་བའི་འཕྲིན་ལས་མི་རྟོག་ལྷུན་གྲུབ་ཀྱི་འཇུག་ཡུལ་ཡིན་མོད། འོན་ཀྱང་དེང་དུས་འཛམ་གླིང་མཐའ་དབུས་ན་ནད་མཚོན་མུ་གེའི་བསྐལ་ངན་དར་དྲག་པས་གཅིག་དཔལ་གཅིག་གིས་འཕྲོག་པ་ལ་ཡ་མི་ང་ཞིང་། དམྱལ་བ་དང་ཡི་དྭགས་མངོན་སུམ་ལྟ་བུའི་དབུལ་པོ་ཚད་ལས་འདས་པའི་ངང་ཚུལ་བསམ་ན་དམ་པ་རྣམས་ཀྱི་སྙིང་བུམ་ཁོང་ནས་མི་ཚུགས་པ་ལྟ་བུར་ཡོད་སྟབས་འདི་ཕྱིའི་བདེ་ནོར་ཀུན་གྱིས་འཕོངས་པའི་མེད་པོ་དེ་རྣམས་གཅིག་ཀྱང་མ་ལུས་སྡུག་བསྔལ་གྱིས་གདུང་བས་རྣམ་པར་དག་པར་བྱེད་པ་ང་ཡིན་ནོ། ། ཞེས་འཇིགས་པ་མེད་པ་སེང་གེ་དཀར་མོའི་སྒྲར་བསྒྲགས་པའོ། ། འགྲོ་བ་ཀུན་ལ་སྙོམས་པའི་བརྩེ་བ་ཆེ། །ཐུགས་ཀྱི་རྒྱན་དུ་མཛད་པའི་སྐྱེ་མཆོག་རྣམས། ། མེད་པོ་གཏན་བདེའི་ནོར་གྱིས་དབུལ་བའི་རིགས། ། སྡིག་སྡུག་དྲི་མས་རྣམ་པར་དག་བྱེད་པའོ། ། དེ་ནས་བཙན་པོ་ཕྱུག་པོ་མེད་པོ་སྡུག་མཐོང་བ༑༑ ཞེས་གསུངས་ཏེ། འཁོར་བ་སྤྱི་བྱེ་བྲག་གི་ཕུན་ཚོགས་ལ་སྙིང་པོ་མ་མཆིས་པས་དོན་མེད་ཀྱི་ཁེངས་རློམ་རེ་དྭོགས་ཡི་ཆད་གང་ཡང་མ་བྱེད་ཅིག ངས་ཁྱེད་རྣམས་ཡ་ང་ངའི་གནས་ལས་བསྒྲལ་བར་བྱའོ། ཞེས་བརྩེ་བ་ཆེན་པོས་དབུགས་དབྱུང་མཛད་པའོ། །འདིར་ཡང་མེད་པོ་དང་སྡུག་བསྔལ་མཐོང་བ་ཞེས་པ་ནི། ཡུལ་སྐད་དེ་གོང་བཞིན་ནོ། ། དོན་ནི། འཇིག་རྟེན་མཐུ་ཡིས་རློམ་པའི་བཙན་པོ་དང། ། ནོར་གྱིས་དྲེགས་པའི་ཕྱུག་པོ་དང་། སྡུག་གིས་ཞུམ་པའི་མེད་པོ་རྣམས་མ་བརྟགས་འཕྲུལ་པའི་སྣང་བ་སོ་སོ་ཡང་། སེམས་སྟེང་དུ་སྡུག་བསྔལ་གྱི་རྣམ་པ་མང་པོ་མྱོང་བས་མཐོང་བ་ལ་ཁྱད་པར་མེད་པར་མ་ཟད། སྔ་མ་གཉིས་ལྷག་པར་གདུང་བ་ཟབ་སྟེ། དེ་དག་ལ་རང་རང་གི་མངའ་ཐང་ཆེ་ཆུང་ལ་ལྟོས་པའི་སྡུག་བསྔལ་གྱི་ཁྱད་པར་བློས་མི་འཆུན་པ་ཡོད་པར་ལུང་རིགས་ཀྱིས་གྲུབ་པའི་ཕྱིར་དང་། དེ་ལས་སྡུག་བསྔལ་དང་ཀུན་འབྱུང་གི་འཁོར་ལོ་མཐའ་མེད་དུ་འཁོར་བར་འཕགས་པ་རྣམས་ཀྱིས་གཟིགས་པ་ལྟར་དོན་ལ་གནས་པའི་ཕྱིར་རོ། ། མེད་པོ་ལ་ནི་ཚེ་འདིའི་ལྟོ་གོས་འཕྱིད་པ་ཙམ་བྱུང་ན་དེ་ལྷག་སྲིད་དཔལ་རྒྱ་སྐྱེད་ཀྱི་བློ་ཤུགས་ཆེན་པོ་མི་འབྱུང་བར་གཤིས་ཀྱི་ངང་ཚུལ་ལས་གསལ་ལ། བཤིས་སྤྲིངས་ལས། ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ། ། དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། ། ཞེས་གསུངས་པ་ལྟར་རོ། ། འདི་ནི། ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་འདོམས་པ་སྟེ། འདོད་པའི་སྡུག་བསྔལ་གྱིས་མཚོན་པའོ། ། བཙན་པོ་ཕྱི་ནང་དགྲ་ཡི་དྭོགས་པས་གཟིར། ། ཕྱུག་པོ་འབྱོར་པ་ཉམས་ཀྱི་དྭོགས་པས་མནར། ། མེད་པོ་ལྟོ་གོས་ཆེད་དུ་དྭོགས་པས་ངལ། ། གསུམ་གའང་སྡུག་བསྔལ་མཐོང་པར་འདྲ་བ་ཡིན། དེ་ནས། སངས་རྒྱས་དཀོན་མཆོག་བཙན་པོ་གཉོམ་ཆུང་སྙོམས་འཇུག་པ༑ ཞེས་གསུངས་ཏེ། སྐྱེས་མཆོག་རྣམས་ཀྱི་གཞན་ཕན་མཛད་པའི་སྙིང་པོ་མདོར་བསྡུས་པའོ། དེ་ཡང་སངས་རྒྱས་དཀོན་མཆོག་ནི་གདུང་འཛིན་ས་ཆེན་པོ་ལ་བཞུགས་པའི་དམ་པ་རྣམས་ཀྱི་རྣམ་པར་ཐར་བ་ནི། བཙན་པོ་དང་གཉོམ་ཆུང་གིས་ཕྱེ་བའི་མཁའ་མཉམ་སེམས་ཅན་ཐམས་ཅད་ལ་ཉེ་རིང་ཆགས་སྡང་གི་ཕྱོགས་རིས་ཕྲ་མོ་ཙམ་ཡང་མི་མངའ་བར་ཆ་ཀུན་ནས་གཅེས་འཛིན་གྱི་ཐུགས་སྙོམས་པར་འཇུག་པ་ཡིན་ཞེས་པའོ། ། སངས་རྒྱས་སྲིད་ཞིའི་དབྱིངས་ན་དཀོན་པའི་མཆོག ། བཙན་པོ་ངོ་སྲུང་ཁྲམ་གྱིས་མི་བསྟོད་ཅིང་། ། གཉོམ་ཆུང་སུན་འབྱིན་ཚེར་མས་མི་སྨོད་པར། ། གཅེས་པའི་བུ་བཞིན་སྙོམས་པར་འཇུག་པ་ལགས། དེ་ནས། སངས་རྒྱས་དཀོན་མཆོག་ཐུགས་དང་ཕྱག་འཚལ་ལོ། ཞེས་གསུངས་ཏེ༑ རང་ཉིད་སྐྱེ་རྒུའི་ཕྱག་ཡུལ་དུ་སྟོན་པའོ། ། དེ་ཡང་རྟག་པར་གཞན་དོན་འབའ་ཞིག་ལྷུར་ལེན་པའི་སྐྱེས་བུ་དམ་པ་ལུང་རྟོགས་བཤད་སྒྲུབ་ཀྱི་མཛད་པ་དང་། ལྟ་སྒོམ་སྤྱོད་པ་རྣམ་པར་དག་པ་དེ་དག་ནི། སངས་རྒྱས་དཀོན་མཆོག་སྟོན་པ་སྟོབས་བཅུ་མངའ་བ་སྲས་དང་བཅས་པའང་ཐུགས་དགྱེས་ཤིང་དད་པའི་གནས་སུ་གྱུར་པ་ཡིན་པས་བསོད་ནམས་ཀྱི་སྐལ་བ་བཟང་པོ་དང་ལྡན་པ་རྣམས་ཀྱིས་ཐེ་ཚོམ་སོམ་ཉི་མེད་པར་སྙིང་ཁོང་རུས་པའི་གཏིང་ནས་ཕྱག་བྱ་བར་འཚལ་ལོ། ཞེས་པའོ། ། བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་དང་། དཀོན་མཆོག་དགྱེས་སྐྱེད་རྒྱལ་པའི་སྲས་རྣམས་ཀྱི། ། ཐུགས་བརྩེ་དུད་ཅིང་དད་པ་གང་ཡིན་པ། ། དེ་ལ་བློ་མིག་ལྡན་པས་ཕྱག་འཚལ་ལོ། དགུང་གྲངས་བརྒྱད་པར་གསུངས་པའི་དུས་དང་། ། སྒྲས་ཟིན་རེ་རེ་ལའང་སྐབས་དོན་གྱི་དགོངས་གཞི་ཡང་མཚན་པོ་རེ་ཡོད་ཚོད་དུ་འདུག་སྟེ༑རེ་ཞིག་དེ་ཙམ་མོ། ། སྨྲས་པ། རྡོ་རྗེའི་ཚིག་གི་མཐའ་དྲུག་ཚུལ་བཞི་དང་། ། རྣམ་འགྲེལ་ལུགས་བརྒྱ་ལྡན་པའི་སྲོལ་བཞིན་དུ། ། རང་གི་ཆེ་བ་འདོམས་པ་འདི་འདྲ་ཡང་། །ཐོལ་བྱུང་དགོངས་པ་ཟབ་མོའི་ཆ་རུ་འཆར། ། གཟུར་གནས་རྣམ་དཔྱོད་ཤར་རིའི་རྩེ་མོ་ནས། ། ངེས་དོན་ཉི་ཟླ་ནོར་བུའི་འོད་སྣང་གིས། ། རབ་འབྱམས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ། ། རང་གིར་བགྱིད་པའི་བློ་ལྡན་རྣམས་ཀྱིས་གཟིགས། ། སྔ་འགྲེལ་པད་མའི་ནགས་ལ་ཁོ་བོ་ཡི། ། ཡི་རང་ཉི་མའི་ཐིགས་པ་འབུམ་ཕྱུང་མོད། ། མོད་ལ་བཟང་པོ་ཟུར་བཞིས་འདེགས་པའི་དཔེར། ། དཔེར་བརྗོད་ནོར་བུའི་མེ་ལོང་དད་པ་སྤེལ། ། བསམ་མི་ཁྱབ་ཀྱི་གསུང་གི་གསང་བའི་གནད་མཐར་ཐུག་པ་འཕགས་པ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བ་ལས་བདག་ལྟ་བུས་ག་ལ་དཔྱོད་ཀྱང་གཅིག་ཉིད་དུ་མར་འཕྲུལ་ཆེན་པོ་ཅན་ཡིན་པས་འདི་འདྲར་ཡང་སྒྲིག་ཏུ་རུང་ཞིང་རིགས་པར་བསམས་ཏེ་ཤཱཀྱའི་དགེ་སྦྱོང་གཞུང་ལུགས་རབ་འབྱམས་སྨྲ་བ་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱིས་མིང་གོ་སྲིད་ལོ་སོ་དྲུག་པའི་བོད་ཟླ་དང་པོར་ནན་ཅིང་ནས་བྲིས་པའོ། ། སྨྲས་པ། ཤེས་བྱ་རབ་འབྱམས་རྒྱ་ཆེན་ལུང་གི་མཚོ། ། འཆད་རྩོད་རྩོམ་པའི་རླབས་ཕྲེང་འབུམ་འཁྲིགས་པར། ། ཕྲ་ཞིབ་བློ་ལྡན་གསེར་གྱི་ངང་མོའི་ཁྱུ། ། དོན་གནས་བསྔགས་པའི་མགྲིན་གླུ་ཅི་ཡང་སྒྱུར། ། ངག་དབང་ཚངས་སྲས་དགྱེས་པའི་མེ་ལོང་མ། ། མཚར་སྡུག་འདོད་འཇོའི་འཕྲུལ་དུ་བཀོད་པ་ལས། ། རྣམ་པར་དཀར་བ་གངས་རིའི་ཏོག་འདྲ་བ། ། གང་ཞིག་ཐོས་པས་ཐུབ་བསྟན་རབ་རྒྱས་ཤིང་། ། དེ་འཛིན་འཚོ་གཞེས་གཡུང་དྲུང་རིས་སུ་འཁྱིལ། ། ནད་མཚོན་མུ་གེའི་མིང་ཡང་མ་མཆིས་པར། ། རྒྱལ་ཁབ་ཕན་བདེའི་དགེ་མཚན་ཁྲི་ཕྲག་གིས། ། མངོན་པར་དགའ་བའི་ཞིང་ལ་འགྲན་གྱུར་ཅིག ། ཅེས་པ་འདི་ནི་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་གི་འབྲུ་བཤད་འདོད་འཇོ་ནོར་བུའི་མེ་ལོང་དབར་གཞིར་བསྐྲུན་པའི་དགེ་བསྔོའི་སྨོན་ཚིག་ཏུ་བཞུགས་སྒར་ནང་སྒང་ལྷན་རྒྱས་ཀྱིས་ཐུགས་བཞེད་ལྟར་འབྲུ་འགྲེལ་བྱེད་པ་པོ་ཤེས་རབ་རྒྱ་མཚོས་བྲིས་པ་སིངྔྷིརསྟུ།། །། བློ་བཟང་རྒྱལ་བའི་དབང་བོ་ཙོང་ཁ་པའི། ། རྣམ་དཀར་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྗེ། ། མདོ་སྔགས་བསྟན་པའི་རྒྱལ་མཚན་འཛིན་པའི་དཔལ། ། སྐྱབས་མཆོག་དམ་པའི་ཞབས་ལ་གསོལ་བ་འདེབས། ། ཨོཾཨཱཿགུརུབཛྲངྷརམཧཱཔཎྚིཏབྷཊྚཱརཀཿསུམཏིཀརྨནིརཱབྷོགངྷརྨསྱངྷྭཛཤྲཱིབྷདྲསརྦསིངྔྷིཧཱུཾཧཱུཾ། །
          ཐུབ་བསྟན་འཛིན་སྐྱོང་རྒྱལ་བའི་འཕྲིན་ལས་ཅན། ། འཇིགས་མེད་སྤོབས་པ་མཆོག་བརྙེས་ཆོས་ཀྱི་རྗེ། ། དབང་ཕྱུག་བརྒྱད་ལྡན་རྗེ་བཙུན་བླ་མ་གང་། ། བདག་སོགས་རྩེ་གཅིག་གསོལ་བའི་དོན་འདི་དགོངས། ། རིང་ནས་ལེགས་གོམས་ཐུགས་བསྐྱེད་ཇི་བཞིན་དུ༑༑གངས་ལྗོངས་སྐྱེ་རྒུའི་བསོད་ནམས་ཤར་རིའི་སྤོར། ། འཁྲུལ་བྲལ་མཆོག་གི་སྤྲུལ་སྐུའི་ཟླ་ཞལ་གསར། ། རིང་མིན་ངོམས་པའི་དགའ་སྟོན་ཐོབ་པར་ཤོག ། དེ་ཡང་གསང་གསུམ་ཡོན་ཏན་ཀུན་རྫོགས་ཏེ། ། བསྟན་འགྲོ་སྤྱི་དང་ཁ་བ་ཅན་པ་ཡི། ། དོན་ཆེན་མཐུ་སྟོབས་དཔུང་བས་འདེགས་བཟོད་པའི། ། མཁས་མཆོག་དཔལ་མགོན་ཆེན་པོར་མྱུར་བྱོན་ཤོག །
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]