ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> བསྟོད་ཚོགས། >> པཎ་ཆེན་རིན་པོ་ཆེ་མཚོ་ལྷོར་ཕེབས་པའི་ལེགས་མཛད་ངོ་མཚར་རྟོགས་བརྗོད་རིན་ཆེན་གསུམ་པའི་མེ་ཏོག

པཎ་ཆེན་རིན་པོ་ཆེ་མཚོ་ལྷོར་ཕེབས་པའི་ལེགས་མཛད་ངོ་མཚར་རྟོགས་བརྗོད་རིན་ཆེན་གསུམ་པའི་མེ་ཏོག

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བློ་བཟང་དམ་ཆོས།] [ཟླ་ཚེས། 11-03-23] [ཀློག་གྲངས། ]

                                                     ༄༅། །   གང་སྐུ་པད་རག་ལྷུན་པོར་མཚུངས་ཀྱང་མཚུངས་མེད་མཚན་དཔེའི་དཔལ་འབར་བ། ། 

                                                                 ཁྱོད་གསུང་ཚངས་པའི་དབྱངས་ཀྱིས་འགྲན་ཡང་འགྲན་བྲལ་ཡན་ལག་དྲུག་ཅུ་ལྡན། །

                                                                 མཁྱེན་པ་ཀུན་གསལ་མཐའ་ལྟར་ཟབ་ཀྱང་ཟབ་མོའི་རྟེན་འབྱུང་མངའ་བརྙེས་ཐུགས། །

                                                                 ལྷུན་རྫོགས་བདེ་ལྡན་ཞིང་གི་མགོན་ཁྱོད་བདག་སོགས་སྐྱེ་རྒུའི་གཙུག་གིས་མཆོད། ། 
               མདོ་རྒྱུད་རྒྱ་མཚོའི་རླབས་ཕྲེང་གཡོ་བའི་འཇིངས། ། དཔྱད་གསུམ་རིན་ཆེན་བརྩེགས་པས་ཆེར་བསྲུབས་པས། ། རྒྱལ་བ་གཉིས་པའི་རང་བསྟན་འབར་བའི་གཟི། ། སྤྲོ་བའི་བྱེད་པོ་ཀུན་མཁྱེན་མཁས་གྲུབ་མཆོད། ། དེ་ཡི་སྒྱུ་འཕྲུལ་རབ་འབྱམས་ཟློས་པའི་གར། ། དཔག་ཡས་ཞིང་དང་ཁྱད་པར་ཀེེ་ལ་ཤར། ། རྩེན་པའི་མུ་ཏིག་སྟར་ལ་བརྒྱུས་པ་ཡི། ། ཞབས་རྡུལ་ཁ་བ་རི་བའི་གཙུག་གི་རྒྱན། ། དུཿཁས་ཡོངས་བརྟོལ་སྲིད་གསུམ་ཟ་བའི་ལྕེར། ། དངོས་རྒྱུད་རིང་ནས་གོམས་པའི་སྙིང་རྗེའི་ཆར། ། དུས་ལས་ཡོལ་མེད་གཏན་བདེའི་ཆོས་མཛོད་ཀྱི། ། རྒྱལ་མཚན་བསྒྲེངས་པ་གངས་རིའི་མགོན་གཅིག་མཆོད། ། ཟག་མེད་ཡེ་ཤེས་འབར་བའི་གཟི་འོད་ཀྱི། ། གསང་གསུམ་འཁོར་ལོའི་རྣམ་རོལ་རྒྱ་མཚོ་ཡིས། ། དམིགས་མེད་དབྱིངས་ནས་གཟིགས་པ་སྐྱེ་རྒུའི་བཤེས། ། དུས་ཀྱི་སྣང་མཐའ་གཉིས་པ་རྒྱལ་གྱུར་ཅིག ། སྙིང་རྗེ་ཟླ་བའི་གཟེགས་མ་ལས་འཕོས་པའི། ། རབ་དཀར་དགེ་ལེགས་འོད་སྣང་འབུམ་གྱི་གཟི། ། རིང་ནས་བོར་བའི་ཀུ་མུད་འཕྱང་བའི་ལྟོར། ། ལན་བརྒྱར་ལྷུང་བ་མགོན་པོ་ཁྱོད་མིན་སུ། ། ལེགས་བྱས་མཆུ་སྒྲོས་བྱུ་རུའི་ཡལ་འདབ་ཕང་ཕུང་གཡོ་བའི་ཚལ། ། གཏན་བདེའི་སོ་ཕྲེང་ཟེའུ་འབྲུར་འཛུམ་པའི་དོན་ལྡན་ངག་གི་དཔལ། ། ཉམས་འགྱུར་གཙུག་ལག་སྟོང་ཕྲག་འདྲེན་པས་གསང་གསུམ་རྡོ་རྗེའི་གར། ། རོལ་བ་སྐལ་མཉམ་ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་སྤེལ། ། སྨྲ་བྱེད་འཁྱུག་པ་འབྲས་ལྡན་ཕྱིར། ། ཀུན་དུ་གཟིགས་པའི་རྟོགས་བརྗོད་དེའི། ། ཆ་ཙམ་འདྲེན་པའི་བདུད་རྩིའི་ཆབ། ། བསོད་པའི་དད་ལྡན་དགེས་པར་རིགས། ། ལྐུགས་པའི་ངག་སྦྱོར་ལ་ཟ་བའི། ། སྙན་ཚིག་གཞལ་མེད་རིན་ཆེན་ཕྲེང་། ། རིང་ནས་བསྟར་བཞིན་མ་ཡོ་བའི། ། ཚུལ་ལ་བློ་ལྡན་སུ་མི་རངས། ། དེ་ཕྱིར་ཆོས་ཀྱི་འཕགས་པ་མཆོག ། མངོན་བཞེངས་གསེར་གྱི་བ་གམ་དེར། ། གདོང་ལྔའི་དབང་བོ་འགྱིངས་པའི་ཁྲིར། ། རྡོ་རྗེ་ཁམས་སུ་བྱིན་བརླབས་ཏེ། ། རབ་འབྱམས་རྒྱ་མཚོའི་ཞིང་སྙེད་དང་། ། འཛམྦུའི་རྐང་འཐུང་བཀྲ་བའི་ཁམས། ། སྤྱི་དང་ཁྱད་པར་ཛཱ་ཏིའི་དཔལ། ། བཞད་ནས་རྒྱ་མཚོ་ཆེན་པོའི་བར། ། བསྟན་སྲིད་ཟུང་འབྲེལ་ལེགས་ཚོགས་ཀྱི། ། གཞི་རྟེན་གཅིག་པུར་བཞེངས་བྱས་ཏེ། ། སྒོ་གསུམ་སོག་ལེའི་སོ་ཁ་བཞིན། ། འཁྱོར་བའི་གདུལ་བྱ་ཉིན་རེར་ཡང་། ། སྤྲིན་ལྟར་འདུ་བར་སྡེ་བཞི་ཡིས། ། རེ་ཀུན་སྐོང་བའི་མཛད་བཟང་དེས། ། རྫོགས་ལྡན་ཕྱི་མའི་མངལ་ཁུར་སྦྲུམ། ། གསེར་གྱི་ས་གཞིར་པད་མ་རྒྱས་པའི་ངོགས། ། གཅིག་ཏུ་སྒྲིལ་བ་རྟ་མཆོག་བདུན་གྱི་འགྲོས། ། ང་བ་དུམ་བུར་སྒྱུར་བྱེད་རྟེན་འབྱུང་གི། ། སྒྱུ་མ་མཁན་གྱིས་བྱས་འདི་གཞལ་དཀའི་གནས། ། སྟོང་འཁུན་བདག་པོའི་སོར་མོའི་འདེགས་འཇོག་གིས། ། སྣ་ཚོགས་དོན་གྱི་སྒྱུ་འཕྲུལ་ཟ་འོག་རིས། ། ཡང་དག་ཀྱང་གྱུར་འཛུམ་པའི་རྫུ་བག་གིས། ། གང་འཚམ་བླ་ན་མངོན་པར་བཞད་པ་དེར། ། པད་རྩ་ལྟར་དཀར་ཁ་བའི་རྡུལ་བརྩེགས་དང་། ། བསྡོངས་པའི་གྲང་རེག་རླུང་དང་མཉམ་སྡེབ་ཀྱིས། ། རེག་པ་མིན་ཡང་དོན་དང་མཐུན་པའི་ཚོགས། ། བཞིན་ཉམས་བ་སྤུ་གཡོ་བའི་འཁྲི་ཤིང་འདར། ། དེའི་ཕྱིར་ཐ་དད་རིགས་བརྒྱའི་སྐྱེ་འགྲོ་ཡིས། ། འདུན་མའི་རྩ་བར་རག་པའི་སྣང་བྱེད་མགོན། ། གཅིག་པུར་སེམས་པ་བུང་བའི་འདུ་འགོད་ཀྱིས། ། རི་མོའི་མིག་བཞིན་དབང་ལྡན་ཕྱོགས་ལ་ལྟ། ། ནམ་ཞིག་བྱས་བསགས་རྟེན་འབྲེལ་བདེན་པའི་མཐུས། ། འཛམྦུའི་རྐང་འཐུང་མཛེས་པ་དུམ་བུའི་ཆར། ། བཀོད་ལེགས་གངས་ཀྱི་རི་བོའི་གྲྭ་གཅིག་ན། ། བྱེད་པོས་བྱས་པའི་གཡར་མོ་ཐང་གི་གཞིར། ། ཞབས་སེན་འགོད་པའི་ཆུ་འཛིན་གཡོ་བའི་རྩེར། ། བྱིན་རླབས་མུ་ཏིག་གསར་བའི་ཆར་རྒྱུན་གྱིས། ། སྐྱེ་རྒུའི་ཚ་གདུང་གཞིལ་བའི་དགོངས་པ་གཡོས། ། དེའི་ཚེ་རབ་རྒྱལ་དྲག་པོ་སྤྲེའུའི་ལོར། ། འདབ་ལྡན་འཕྲུལ་འདེགས་ལྕགས་ཀྱི་འཁོར་ལོ་ལ། ། ཞབས་པད་རྡོ་རྗེའི་ཁམས་སུ་བཀོད་དང་ལྷན། ། མཁའ་ལྡིང་དབང་བོ་ལྷ་ཡི་ལམ་བཞིན་དུ། ། རྟག་ངུས་གཅེས་རྒུའི་རྐང་ཡང་བཙོང་བའི་སྤོར། ། བདེ་བར་སྤྱོན་འདིས་བཟང་མོའི་རྣམ་ཐར་འཛིན། ། དེ་ཡིས་མཆོད་པའི་བྱེ་བྲག་འབྱམས་ཀླས་པས། ། དགྱེས་པ་བསྐྱེད་དེ་སྣ་ཚོགས་རིགས་བརྒྱའི་ངོར། ། གང་འཚམ་རྫོགས་སྨིན་སྦྱང་བའི་ས་བོན་དེས། ། སྟོབས་བཅུ་མངའ་བའི་འཛུམ་ཟེར་སྤྲོ་ལ་ཉེ། ། དེ་ནས་འཕྲུལ་འདེགས་འཁོར་ལོའི་བགྲོད་པ་ཡིས། ། གཉའ་ཤིང་འཛིན་རིའི་ཕྲག་པའི་ཉི་ཟླའི་རིར། ། སྐད་ཅིག་གློག་གི་འཛུམ་ཟེར་ལས་འགོངས་པས། ། ཞབས་སེན་མཇིང་བསྣོལ་རྨ་བྱའི་ཁྲི་ལ་བཀོད། ། མཐོ་ཞིང་ཚར་དངར་ཁྲི་འཕང་ཡངས་པོའི་མཁར། ། འདོད་རྒུའི་བསངས་རྫས་བསྲེགས་པའི་དུད་སྤྲིན་ཆེ། ། ནམ་མཁའ་མཛོད་དུ་བྱིན་གྱིས་བརླབས་པ་ཡིས། ། ཀུན་བཟང་མཆོད་ཚོགས་རྒྱ་མཚོར་འགྲན་ཟླར་བྱེད། ། ནེའུ་གསིང་གཡུ་ལྗང་མཎྜལ་ཕྱིས་འདྲའི་ངོགས། ། ཡོངས་གཏམས་རུ་མཚོན་སྦྲེང་བའི་མགྱོགས་འགྲོ་བས། ། དགའ་བའི་དར་འཕྱར་མཆོད་པའི་དུང་སྒྲ་བཅས། ། འཁོར་བཅས་བདེ་བར་གཤེགས་སོ་གཏན་གྱི་མགོན། །

                                                                  ཤར་ན་རྒྱ་སྟག་ཁྲ་བོའི་ཟོར་དགུའི་རལ་བ་གནམ་དུ་གསིག་པས་བསྲུངས། ། 

                                                                  ལྷོ་ན་གཡུ་འབྲུག་སྔོན་མོའི་རྨ་ཀླུང་དལ་འབེབ་གཡས་སུ་འཁྱིལ་བ་ཡོད། །

                                                                  ནུབ་ཏུ་བཙན་བྱ་དམར་བོའི་འདབ་གཤོག་བང་གིས་བགྲོད་དཀའི་ཐང་ཆེན་བགྲད། ། 

                                                                  བྱང་ན་རུས་སྦལ་སེར་བོའི་མ་ཧཱ་དེ་ཝའི་མི་ཡི་སེང་གེས་བསྲུངས། །

                                                                  དབུས་སུ་གསེར་ཆེན་རི་བོའི་ཀ་བ་ནམ་མཁའི་རུམ་དུ་ཟུག་པའི་སྤོར། །

                                                                  ཁང་བརྩེགས་རིན་ཆེན་འོད་ལ་འཕྱ་བས་ཕྱོགས་ཀྱི་མུ་ཁྱུད་དོག་པོར་བྱས། །

                                                                  འབར་བའི་གསལ་སྒྲོན་དུམ་བུར་མཆེད་པའི་སྲང་ལམ་མིག་མང་རིས་སུ་འཁོད། །

                                                                  རིགས་བརྒྱར་ལྷ་ཡི་དབང་བོའི་གྲོང་ཁྱེར་ས་འདིར་འཕོས་པ་མིན་ནམ་ཅི། །

          དེ་ཡི་དབུས་ན་གཉིས་འཐུང་སོ། ། ཕྲད་ལ་བཅད་པ་ལྟར་དཀར་བའི། ། རིན་ཆེན་ཁང་བུ་བརྩེགས་པ་དེའི། ། གསེར་གྱི་གྱི་ཁྲི་ལ་མངའ་གསོལ་ཏེ། ། དབང་བོའི་མཆོད་སྤྲིན་རྒྱ་མཚོ་ཡང་། ། ཕམ་བྱེད་མཆོད་པའི་ཉེ་དྲུང་དུ། ། ཕལ་བའི་བཞེས་སྤྲོ་འབྲིམ་བྱེད་ཀྱི། ། འཁྲི་ཤིང་རྐྱོང་བ་ངལ་བའི་རྒྱུ། ། རབ་དམར་ཉིན་ཕྱེད་ཚ་ཚའི་དཔལ། ། འབར་བས་གླང་ཆེན་པད་མཚོར་བཞིན། ། སྲིད་པའི་མྱ་ངམ་ཐང་ཆེན་དུ། ། འཁྱམས་རྣམས་དམ་པས་དབུགས་དབྱུང་མཛད། ། མར་རྒད་ཞུན་མར་འཁྱིལ་པའི་ཆབ། ། དལ་འབེལ་ལྷོ་ཡི་དུམ་བུའི་ཆར། ། བདེ་ཆེན་སྐྱིད་པའི་དབྱངས་བདུན་གྱིས། ། ཡོངས་འགེངས་ལྷ་ཡི་ཐང་ཆེན་དེར། ། སྣ་ཚོགས་སྐྱེ་དགུ་ཆང་འགག་བཞིན། ། གཏམས་པའི་དབུས་ན་དུ་ཀཱུ་ལའི། ། གུར་ཁང་ཕན་གདུགས་རྒྱལ་མཚན་དང་། ། ལྡ་ལྡི་ཀེམ་ཀེམ་གཡོ་བ་དེར། ། གཏན་བདེའི་ཞིང་གི་རིན་ཆེན་གསུམ། ། བཀོད་ལེགས་མཛེས་པའི་དཔལ་རབ་འབར། ། གདོང་ལྔའི་སྡེར་བཞི་བགྲད་པའི་ཁྲིར། ། མི་འཇིགས་བཞི་ལྡན་ཞབས་མཐིལ་བཀོད། ། བཀྲ་ཤིས་ཐེག་མཆོག་གླིང་བའི་གཙོས། ། རིགས་གྲོལ་ཡོན་ཏན་བརྒྱད་ལྡན་གྱི། ། དགེ་འདུན་འདུས་པ་རྒྱ་མཚོའི་དབུས། ། ངེས་པ་དོན་གྱི་པཎྚི་ཏའི། ། ལྔ་རིག་ཆོས་ཀྱི་སྡིངས་ཁང་ལ། ། ཆགས་པའི་རྗེ་བཙུན་དབྱངས་ལྡན་པ། ། སྙེམས་པའ་བློ་གྲོས་མཆོག་གི་སྤྲུལ། ། བློ་བཟང་གྲགས་པ་རྒྱ་མཚོའི་སྡེས། ། ཡིད་བཞིན་འཁོར་ལོའི་ཚེའི་དངོས་གྲུབ། ། ཚེ་ལ་དབང་བའི་བུམ་པ་ཕུལ། ། དེ་ནས་ཀུན་གཟིགས་ལྗགས་ཀྱི་དཀྱིལ་འཁོར་ལས། ། བསྟན་པའི་འཇུག་སྒོ་དམ་པ་སྐྱབས་འགྲོ་དང་། ། དཔལ་ལྡན་སྲད་རྒྱུད་ལྷ་བརྒྱའི་སྙན་རྒྱུད་ཆེ། ། རྒྱལ་ཀུན་གསང་གསུམ་ལྷར་ཤར་རིགས་གསུམ་མགོན། ། ཚེ་ལྷ་རྣམ་གསུམ་ལ་སོགས་ཆོས་ཀྱི་ཆར། ། ཅི་དགར་འཇོ་བའི་ཡན་ལག་བརྒྱད་ལྡན་དེར། ། ལམ་གཙོ་རིན་ཆེན་གསུམ་གྱིས་མ་ཟིན་ཡང་། ། ཞིང་གི་མཐུ་ལ་བསྟེན་པས་གཏན་འདུན་བསྐྲུན། ། ཤེར་ཕྱིན་མདོ་སྡེའི་དགོངས་དོན་རྒྱ་མཚའི་འཇིངས། ། རྒལ་བྱེད་དངོས་བརྒྱད་བདུན་ཅུའི་གྲུ་བོ་ཆེར། ། རྒྱས་སྟོན་གདོས་པའི་རྒྱན་གྱི་གདམས་ངག་བདོག ། འབྱེད་གཉིས་ལྟ་བའི་གནད་ཀྱི་འབིགས་བྱེད་དེས། ། མཐར་ཐུག་ཐེག་གཅིག་བསྒྲུབ་པའི་རིན་ཆེན་གླིང་། ། མངོན་སྟེར་བྱང་ཆུབ་ལམ་རིམ་གྲུ་བཞི་བ། ། ཆེ་བཞི་ལྡན་གང་འདྲེན་པའི་ཤིང་རྟ་བས། ། སྐྱེས་བུ་གསུམ་གྱིས་ཡིད་རབ་མི་འཕྲོག་པའི། ། དཔྱོད་ལྡན་སུ་ཡོད་གསུངས་པའི་བསྡུས་དོན་གྱི། ། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག ། ཅེས་སོགས་དྲངས་ནས་སོ་སོའི་ལམ་གྱི་གནད། ། ངེས་པའི་མུ་ཏིག་གསར་བ་ལྗགས་རྩེར་སྨིན། ། ཐང་མར་བརྡལ་བའི་ལུང་རྟོགས་དམ་པའི་ཆོས། ། སྐྱེ་དགུ་སྨིན་ཅིང་གྲོལ་བའི་གསོས་སུ་བསྐྲུན། ། ཁྱད་པར་རྫོགས་ལྡན་ཕྱི་མའི་རྣམ་རོལ་གྱིས། ། གསང་ཆེན་རྡོ་རྗེ་ཐེག་པར་འཛུད་ལ་དབང་། ། དེ་རྗེས་བཀྲ་ཤིས་དགེ་འཕེལ་གླིང་བ་ཡི། ། ཇ་སག་བླ་མའི་ཡང་སྤྲུལ་ཟློས་པའི་གར། ། བློ་བཟང་ལུང་རྟོགས་རྒྱ་མཚོ་དཔལ་བཟང་བོས། ། ལྔ་བདོའི་དུས་མཐར་བྱིས་པའི་མཛད་པ་ཡིས། ། རྒྱལ་བའི་བསྟན་པ་རྒྱལ་བ་གཉིས་པ་བཞིན། ། མཛད་རྗེས་གསུབ་ཏུ་མེད་པའི་རི་མོ་མཁན། ། གངས་ལྗོངས་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་བ། ། བློ་བཟང་གྲགས་པའི་དཔལ་ཞེས་ས་གསུམ་ཁྱོན། ། ཆེས་ཆེར་གཡོ་བའི་རླབས་ཆེན་མང་ཐོས་པས། ། གཞུང་ལུགས་རྒྱ་མཚོའི་དགོངས་དོན་གདམས་པར་ཤར། ། ཀུན་ཀྱང་བསྟན་འགྲོར་བསྔོ་བའི་རང་བསྟན་གྱི།། བདག་པོ་གཅིག་པུར་བཞེངས་ཞེས་མཎ་བཤད་ཕུལ། ། དེ་ནས་དམར་ནག་ཁྲོམ་གྱི་རླབས་ཕྲེང་ལུ་གུ་རྒྱུད་དུ་ཚར་དངར་བས། ། སོར་བཅུའི་སྙིམས་པ་སྤྱི་བོར་བཀོད་དེ་བདོག་པ་རིན་ཆེན་འབར་བའི་རྫས། ། གཏན་པ་མེད་པའི་མཆོད་སྤྲིན་ཆེན་པོ་ཕུང་བོ་སྤུངས་པ་པད་དཀར་མིག ། རུས་སྦལ་ཟོལ་གྱིས་ཀུན་ནས་བཏེགས་པས་ཚོགས་གཉིས་ལེགས་ཁྱབ་ཡལ་འདབ་གཡོ། ། མལླི་ཀཱ་ལྟར་འཛུམ་བག་བཅས།། མཉེན་ལྕུག་ཐུགས་རྗེའི་ཕྱག་དབང་གིས། ། སྐྱེ་རྒུའི་གཙུག་ཕུད་རབ་མཛེས་པ། ། བདག་ཅག་བསོད་ནམས་སྐལ་བར་ལྡན། ། མཐོང་ཐོས་དྲན་དང་རེག་པས་ཀྱང་། ། སྐུ་བཞིའི་ས་བོན་གཞི་དུས་ཀྱི། ། གནས་རིགས་གསལ་བའི་ཨ་དརྴར། ། སྲུང་བ་རྡོ་རྗེ་མདུད་པས་མནན། ། དེ་ལྟར་ཞབས་ཀྱི་འཁོར་ལོའི་མཚན། ། རེག་པའི་གྲོང་ཁྱེར་དཔལ་གྱི་བེའུ། ། ཕྱྭ་གཡང་འགུགས་པའི་ཀྱོ་བ་རུ། ། བྱིན་གྱིས་བརླབས་ནས་རེ་ཞིག་བཏེགས། ། གསེར་ལྡན་གཡོ་བའི་སྐྱེལ་མ་ཡིས། ། འཁོར་བཅས་ལྕིབས་པའ་སྤྲིན་ཕུང་ལ། ། དགེ་ལ་འདུན་པའི་ཆོལ་ཁ་འདིར། ། དགེ་ལྡན་བསྟན་པའི་རྒྱལ་མཚན་མཆོག ། འཛིན་ལ་ཟླ་བྲལ་རྒྱ་མཚོ་ཡི། ། ཡང་སྤྲུལ་བློ་བཟང་འཇིགས་མེད་པ། ། གྲུབ་དབང་བསྟན་འཛིན་རྒྱ་མཚོའི་སྡེས། ། ཆལ་ཆིལ་གཡོ་བའི་རྟ་བསུ་བཅས། ། གློག་ལྟར་འཁྱུག་པའི་གོས་ཆེན་ཕུལ། ། དེ་ན་གནམ་སྔོན་འཁྱིལ་འདྲའི་ངོགས། ། དྲི་བཞོན་ལྷུང་བའི་རླབས་ཕྲེང་དང་། ། སྡེབ་པ་ངང་བའི་ན་ཆུང་དག ། རྩེན་པའི་འཁོར་ལོའི་ལག་པ་གཡོ། ། ཨཎྜ་རྙིལ་གྱི་ཆུ་གཏེར་ལ། ། སྒེག་པའི་བྱང་སེམས་གདེངས་ཅན་དེའི། ། ཡན་ལག་མཆོག་གིས་རབ་གཏུགས་ཏེ། ། ཁྱོད་ཀྱི་གསེར་ཞལ་ཐོག་མར་མཇལ། ། མིང་གིས་དོན་ལ་སྙེག་པ་དེར། ། འདོད་རྒུ་འབྱུང་བའི་ནམ་མཁའི་མཛོད། ། ཕུང་བོར་སྤུངས་པའི་བུམ་པ་མཆོག ། བསྟན་འགྲོར་སྨན་པའི་གཏེར་དུ་སྦྱིན། ། ལྟར་མི་མངོན་པའི་ཁོར་ཡུག་ལ། ། བཀྲ་བའི་པད་མ་རྒྱས་པའི་གཞིར། ། གཡོ་བའི་སྐྱེ་དགུར་ཕྱག་དབང་བཅས། ། གཡས་སུ་བསྐྱོད་དེ་བདེ་བར་གཤེགས། ། དེ་ནས་རབ་རྒྱན་གསར་དུ་བཞད་པ་ན། ། ཐུགས་ཀྱི་དམ་བཅའ་རྡོ་རྗེའི་དཔུང་རྫོགས་པས། ། ཇི་ལྟར་བདེར་གཤེགས་ལྷ་ལས་བབས་པ་བཞིན། ། སླར་ཡང་བདག་ཅག་སྨིན་པའི་ཞིང་དུ་བྱོན། ། ཨོཾ་མཛད་ཀོང་ཇོས་ལྷ་ཡི་རྫིང་རིང་ལ། ། ལྷུང་བའི་ཐིག་ལེ་གསར་བ་ཟུང་གི་དཔལ། ། ཅི་དགར་བོར་བའི་སྤྲིན་གྱི་སོ་ཅན་དེར། ། པད་རྩ་དུང་དང་ཀུནྡ་ལྟར་དཀར་བའི།། མགྱོགས་འགྲོ་སྟོང་སྡེབ་རྟ་བས་བསུ་བ་བཅས། ། སྤྱོན་པ་ལྷོ་སྤྲིན་དཀྲིགས་པའི་དཔལ་ལ་འཁུ། ། མཐོ་ལ་ཡངས་པར་རམ་ལས་མེ་དཔུང་ནང། ། གཙང་སྤྲུལ་པཎྚི་ཏ་མཆོག་སྤྲུལ་པའི་སྐུ། ། བློ་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་ཆེར། ། ཆེད་དུ་མཛོད་བཏགས་འདི་ཕུལ་ཅེས་བསྒོས་པའི། ། ཡབ་སྲས་དགོངས་པའི་ཀློང་ལ་སུ་ཡིས་དཔོག དགའ་བ་འབུམ་ལྡན་འཇམ་དཔལ་སྙིང་བོའི་ལུགས། ། འཛིན་པའི་དུར་སྨྲིག་རྒྱལ་མཚན་འཆང་བའི་སྡེས། ། བཀྲ་ཤིས་རབ་རྒྱས་འཕྲུལ་གྱི་རོལ་མོའི་སྒྲས། ། འཛམ་གླིང་བསྟན་འགྲོའི་དཔུང་གཉེན་གཅིག་པུར་མཆོད། ། ངོ་མཚར་བཀྲ་ཤིས་དགེ་ལེགས་འབུམ་འཕེལ་བའི། ། བག་ཡོད་ཁྲིམས་ལྡན་ངང་མོས་གླིང་གང་སྟེ། ། དུང་དང་དུང་ཆེན་རྔ་སྒྲ་དགོད་པའི་དབྱངས། ། དཔག་མེད་ཆོས་ཕུང་འདྲེན་པའི་ལྟོས་སུ་ལྡིར། ། ཇ་ཆང་འོ་ཞོའི་བཏུང་བ་རྒྱ་མཚོ་དང་། ། ཞལ་ཟས་ཕྱེ་མར་བཟའ་བ་ལྷུན་པོར་སྤུངས། ། འབྲུ་སྣ་གོས་དར་བང་མཛོད་འབྱམས་ཀླས་པས། ། མགྲོན་གཉིས་དགྱེས་པའི་བ་དན་སྲིད་རྩེར་འབར། ། འཆོར་མེད་དོན་གྱི་འགྲུབ་སྦྱོར་དབང་གི་རྒྱལ། ། མཉན་ཡོད་གསལ་རྒྱལ་ཆེན་པོའི་རྗེས་འགྲོ་བས། ། རི་མོར་བྱེད་ལ་བདེ་གསལ་མི་རྟོག་པའི། ། ཏིང་འཛིན་ཆེན་པོས་རོལ་བའི་མཐའ་མ་དཔོག ། ས་སྐྱོང་བཀའ་བློན་འབངས་འཁོར་རྒྱ་མཚོའི་དབུས། ། ལུགས་གཉིས་དར་ཆེན་འཕྱར་ལ་སྙིང་བོའི་གནད། ། མཐུན་སྒྲིལ་ཕྱོགས་ཀྱི་བུ་མོའི་ཟུར་མདའ་ཡིས། ། རིས་འཛིན་ལྷན་སྐྱེས་གཞོམ་པའི་ཐབས་ལམ་གནང་། ། ཁྱད་པར་མགོན་པོ་རང་གི་རྒྱལ་སྲིད་དུ། ། འཛིན་པའི་དགེ་འོས་ཆེད་སྦྱོང་འདུས་པའི་གྲྭར། ། རིག་གནས་པད་ཚལ་གཡོ་བའི་རླབས་ཕྲེང་ལ། ། གཞོན་ནུ་རྐང་དྲུག་འཕྱོ་བའི་གནད་སར་གསུངས། ། གསུང་རབ་འགུགས་པའི་ཁྲི་སྒོར་རྩེ་མོ་བཅས། ། རྡོ་རྗེའི་ཁམས་ལྟར་སྲ་ཞིང་དཔག་བསམ་ཤིང་། ། རྒྱས་བཞིན་མདུན་ལམ་འོད་ཟེར་ལམ་མེ་བ། ། འབར་བར་གདོན་མི་ཟ་ཞེས་བདེན་པར་སྨྲ། ། ནམ་ཞིག་ཟླ་སྐར་བཅས་པ་གནས་སྟོང་ཡང་། ། ཁྱོད་གསུང་འགྱུར་བ་མེད་པའི་དྲང་སྲོང་མཆོག ། སྐལ་བཟང་ལྷ་མིའི་མཆོད་སྡོང་ཆེན་པོ་ནི། ། བདག་ཅག་གཞིས་བྱེས་སྐྱེ་དགུའི་གསོས་སུ་སྨིན། ། ཨེ་མ་དབང་ཕྱོགས་གསེར་གྱི་བ་གམ་ནོར་བུའི་རྒྱན་ཕྲེར་བྲེས་པ་ལ། ། ལུགས་གཉིས་ཆུ་གཏེར་གཡོ་བའི་རླབས་ཕྲེང་ཡོལ་མེད་འཛུམ་པའི་ཁ་ལོ་ནི། ། ཕྱོགས་དེར་སྒྱུར་བའི་འོད་ཟེར་སྟོང་འབར་མཁའ་ལ་སྤྲོས་པའི་ཆ་ཤས་ཀྱང་། ། ཁ་བ་རི་བའི་གཏན་གྱི་འདུན་མའི་དབུགས་འབྱིན་ཉི་མ་ཆེན་པོར་སྣང་། ། དེ་ནས་ཏང་སྲིད་དམག་སོགས་སྐྱེལ་མའི་ཡོ་ལང་ཆལ་མར་འཁྲིགས་པའི་སྤྲིན། ། སྣ་ཚོགས་བགྲོད་པའི་ནར་མར་མཆེད་པ་གྱ་གྱུའི་གསེར་འོད་ཅན་དང་སྡེབ། ། གནམ་ས་རལ་བར་དགའ་བའི་དགོད་ སྒྲས་འབྲུག་སྟོང་ལྡིར་ལ་ཅོ་འདྲི་བཅས། ། ཕན་བདེ་ཆེན་པོའི་བཀྲ་ཤིས་གང་ཞིག་སྟོབས་བཅུ་རྫོགས་པའི་གསོས་སུ་སྨིན། ། ཁྱད་པར་རྫོགས་ལྡན་ཕྱི་མའི་དགའ་ཚལ་དུ།། རིགས་ལྡན་དྲག་པོ་འཁོར་ལོའི་སྐུར་བཞེངས་ཚེ། ། བདག་སོགས་རྡོ་རྗེ་ལུས་ཀྱི་རྟེན་རྙེད་དེ། ། བཞིས་ལྷག་དྲུག་ཅུའི་དབྱངས་མཆོག་ཐོས་མ་ཐག ། བདེན་དོན་གསང་བ་ཡན་ལག་བཅུ་གཉིས་ཀྱིས། ། མི་འགྱུར་བདེ་བ་མ་ལུས་རབ་རྫོགས་པའི། ། དུས་གསུམ་དུས་མེད་འཕོ་འགྱུར་བྲལ་བའི་སྐུ། ། གཉིས་མེད་དུས་ཀྱི་འཁོར་ལོར་སྨིན་པར་སྨོན། ། མདོར་ན་བདག་སོགས་སྐྱེ་ཞིང་སྐྱེ་བ་རུ། ། སྟོབས་བཅུ་མངའ་བ་ཁྱེད་དང་མི་འབྲལ་བར། ། གསུང་གི་བདུད་རྩི་ཡང་ཡང་མྱང་བ་ལས། ། ཐུན་མོང་ཐུནམོང་མིན་པས་རྒྱུད་སྨིན་ཤོག ། དེ་ལྟར་སྦྱར་བའི་སྙན་ཚིག་འདིས། ། དྲུག་ཅུའི་དབྱངས་ཀྱི་ཨ་སྨྲི་ཏ། ། ཇི་ལྟར་ཐུབས་མངོན་བཞེས་ལྟར། ། བདག་སོགས་སྨིན་པའང་གདོན་མི་ཟ། ། ཚིག་གི་སྦྱོར་བ་ཆེར་དམན་པ། ། མཁྱེན་སྤྱན་ཡངས་པའི་སྤྱན་སྔར་འཆགས། ། འོན་ཏང་དམ་པའི་བརྗོད་བྱ་ཡིས། ། ཕན་བདེའི་འབྱུང་གནས་འཕེལ་ཕྱིར་བསྔོ། ། 
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]