ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> བསྟོད་ཚོགས། >> བསྟོད་པ་ཨུཏྤལ་དཀར་པོའི་ཆུན་པོ་ཞེས་བྱ་བ་བཞུགས་སོ།

བསྟོད་པ་ཨུཏྤལ་དཀར་པོའི་ཆུན་པོ་ཞེས་བྱ་བ་བཞུགས་སོ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་ཀྱཱ་བསྟན་པའི་རྒྱལ་མཚན] [ཟླ་ཚེས། 11-10-27] [ཀློག་གྲངས། ]

                                    ༄༅༅། ། ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་ཟུར་ཕུད་ལྔ་ལྡན་མཛེས་སྡུག་ལང་ཚོའི་གར་བསྒྱུར་བརྟན་པའི་འཁོར་ལོ་ཆེ། །
                                               སྙིང་རྗེ་ཆེན་པོས་མ་རུངས་འདུལ་ཕྱིར་འཇིགས་རུང་ཁྲོས་པའི་སྐུར་བཞེངས་བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད། ། 
                                               ལྷར་བཅས་འགྲོ་བའི་འདྲེན་གཅིག་གསུམ་ལྡན་ངུར་སྨྲིག་གར་རོལ་རྒྱལ་བ་གཉིས་པ་རྗེ་བཙུན་བློ་བཟང་གྲགས། ། 
                                               རྣམ་གསུམ་དབྱེར་མེད་ཞབས་ཀྱི་པདྨོར་འདུད་དོ་བདག་སྙིང་ཆུ་སྐྱེས་ཟེའུ་འབྲུར་རྟག་པར་བཞུགས་བྱིན་རློབས། ། 
                                               
                                               ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་དབྱངས་བླ་མ་ཙོང་ཁ་པ་ཞེས་བྱའི། །
                                               གྲགས་སྙན་ནོར་བུའི་དོ་ཤལ་ཐོས་འཛིན་སྒེག་མའི་རྒྱན་གྱུར་གང་དེ་ལ། ། 
                                               སྒོ་གསུམ་དང་བ་ཆེན་པོའི་སོར་མོས་བསྟོད་ཚིག་ཨུཏྤལ་ཕོན་པོ་ཞིག ། 
                                               ཅུང་ཟད་གཏོར་ལ་དྲན་དབང་མཁས་གྲུབ་བཤེས་གཉེན་ཚོགས་རྣམས་དགྱེས་པར་མཛོད། ། 
                  སྔོན་ཚེ་བདེ་གཤེགས་དབང་པོའི་ཏོག་ལ་སོགས། ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྤྱན་སྔ་རུ། ། ཐུགས་བསྐྱེད་དམ་བཅའ་རླབས་ཆེན་མཛད་པ་ཡིས། ། མགྲིན་གཅིག་བསྔགས་བརྗོད་ལུང་བསྟན་མཛད་ལ་འདུད། ། བྲམ་ཟེའི་ཁྱེའུར་སྐུ་སྐྱེ་བཞེས་པའི་ཚེ། ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ། ། ཤེལ་དཀར་འཕྲེང་བ་དྲི་མེད་ཕུལ་བྱས་ཏེ། ། ལུང་བསྟན་ཐོབ་ལ་སྙིང་ནས་དད་ཅིང་འདུད། ། ཏི་མའི་གྲོང་ཁྱེར་བྱེ་བའི་རྡུལ་སྙེད་ལས། ། རབ་འདས་བསྐལ་མང་སྔོན་ནས་སངས་རྒྱས་ཀྱང་། ། ངོ་མཚར་སྤྲུལ་པའི་ཟློས་གར་ཅིག་ཆར་དུ། ། སྟོན་པའི་བཀོད་པ་ཀུན་མཁྱེན་གྱིས་གཞལ་མིན། ། ཁྱད་པར་ཞིང་འདིར་དགྲ་བཅོམ་ཉན་ཐོས་མཆོག ། ཉེ་བར་འཁོར་སོགས་རྣམ་མང་མཁས་གྲུབ་ཀྱི། ། སྐྱེ་འཕྲེང་རིམ་བྱོན་བསྟན་འགྲོའི་དོན་ཆེན་ལ། ། རྟག་ཏུ་གཞོལ་བའི་སྙིང་སྟོབས་ཕུལ་དུ་བྱུང་། ། ཁ་བའི་ལྗོངས་ཀྱི་རྒྱལ་བསྟན་མུན་འཐིབས་ཚེ། ། རྒྱ་ཆེན་ཐུགས་བསྐྱེད་སྐྱ་རེངས་ཀྱིས་དྲངས་པའི། ། སྐུ་མཆོག་རྟ་ལྗང་གཞོན་ནུ་བསམ་བཞིན་དུ། ། མདོ་སྨད་ཙོང་ཁར་གསལ་འདི་ཨེ་མ་ཧོ། ། དེའི་ཚེ་རྒྱལ་བུ་དོན་གྲུབ་བལྟམས་པ་ལྟར། ། ངོ་མཚར་ལྟས་བཟང་འབུམ་གྱི་འོད་སྣང་གིས། ། ལྷ་མི་སྟོང་ཕྲག་དུ་མ་ཅིག་ཆར་དུ་། ། དགའ་དད་སྦྲང་རྩིའི་རྒྱལ་མཚན་ཅིར་ཡང་བཞད། ། གཞོན་ནུ་ཉིད་ནས་ཐ་མལ་བྱིས་པ་ཡི། ། སྤྱོད་པ་རྒྱང་རིང་སྤངས་ཤིང་འཁོར་བ་ཡི། ། ཕུན་ཚོགས་བདེ་བར་རྟག་ཏུ་སྐྱོ་ཤས་དང་། ། ངེས་འབྱུང་དྲག་པོ་ནམ་ཡང་ལྷོད་པ་བྲལ། ། ལོ་གསུམ་བཞེས་ཚེ་གྲུབ་ཆེན་ཀརྨ་པས། ། དགེ་བསྙེན་མཛད་ཅིང་ཀུན་དགའ་སྙིང་པོར་གསོལ། ། དགུང་བདུན་བཞེས་དུས་རབ་བྱུང་སྡོམ་བཞེས་ཏེ། ། བློ་བཟང་གྲགས་པའི་དཔལ་དུ་མཚན་གསོལ་མཛད། ། དེ་ནས་བཟུང་སྟེ་འདུལ་ཁྲིམས་ལེགས་བསྲུང་ནས། ། རྒྱལ་ཀུན་མཐུ་སྟོབས་མངའ་བདག་གསང་བའི་བདག ། ཤིང་རྟ་ཆེན་པོ་དཱི་པཾ་ཀ་རའི་ཞབས། ། ཡང་ཡང་མངོན་སུམ་གཟིགས་ཤིང་བྱིན་གྱིས་བརླབས། ། དགུང་ལོ་བཅུ་དྲུག་བར་དུ་མཁན་པོའི་ཞབས། །གུས་པས་བསྟེན་ཅིང་དབང་ལུང་མན་ངག་སོགས། ། མཐའ་ཡས་གསན་ཏེ་བཅུ་བདུན་ལོན་པ་ན། ། མཁན་པོའི་བཀའ་བཞིན་དབུས་གཙང་ལྗོངས་སུ་བྱོན། ། དེ་ཚེ་ཆོས་རྗེ་ཉིད་ཀྱིས་མཎྜལ་དང་། ། རྫོངས་སྟ་ཕུལ་ཏེ་བསྟན་པའི་བདག་པོ་རུ། ། འོང་བར་འདུག་ཅེས་ཐུགས་དགྱེས་ལུང་བསྟན་དང་། ། བརྩེ་བའི་ཞལ་ཆེམས་གནང་བའི་བཀའ་དྲིན་བསྐྱངས། ། དེ་ལྟར་རིམ་གྱིས་ལྷོ་ཡི་ཆར་བརྒྱུད་དེ། ། བསིལ་ལྡན་ལྗོངས་སུ་གཤེགས་ནས་ཆོས་གྲྭ་ཆེ། ། བདེ་བ་ཅན་སོགས་བཤད་གྲྭ་དུ་མ་རུ། ། ཐུགས་སྦྱངས་ཚད་མེད་གནང་བས་དུས་འདའ་མཛད། ། དབུས་གཙང་གཉིས་སུ་དཀའ་བཞིའི་གྲྭ་སྐོར་ཀྱང་། ། ལེགས་པར་མཛད་ཅིང་ཟླ་མེད་མཁས་པ་ཡི། ། གྲགས་སྙན་སུ་བ་རྞ་ཡི་ཅོད་པན་ནི། ། གངས་ཅན་དྲན་དབང་འབུམ་སྡེའི་གཙུག་ན་འཕགས། ། ཇོ་གདན་ཚོགས་མཁན་ཚུལ་ཁྲིམས་ཤེར་མགོན་སོགས། ། དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ། ། བསྙེན་རྫོགས་བཞེས་ཤིང་འདུལ་ཁྲིམས་གཡག་རྔ་ལྟར། ། བསྲུང་བས་འདུལ་འཛིན་བྱེ་བའི་གཙུག་རྒྱན་གྱུར། ། སྨོན་འཇུག་བྱང་སེམས་ཐུགས་ལ་ལེགས་འཁྲུངས་ཤིང་། ། རྒྱལ་སྲས་བཅས་མཚམས་རྣམས་ལས་མ་འདའ་བར། ། རིམ་གཉིས་རྣལ་འབྱོར་ཟབ་མོར་རྟག་གཞོལ་ནས། ། རིག་འཛིན་བཅས་མཚམས་སྤྱན་འབྲས་བཞིན་དུ་བསྲུང་། ། རྗེ་བཙུན་མཁྱེན་པའི་གཏེར་གྱི་མན་ངག་ལ། ། བརྟེན་ནས་ཟབ་མོའི་ལྟ་བའི་གནད་ཀྱི་དོན། ། ཐུགས་ལ་འཁྲུངས་ཤིང་ཐེ་ཚོམ་དྲ་བ་བཅད། ། དུས་གསུམ་རྒྱལ་བ་དགྱེས་པའི་ལམ་དུ་གཤེགས། ། དགའ་བ་གདོང་དུ་རྗེ་བཙུན་འཇམ་པའི་དབྱངས། ། གསེར་གྱི་ལྷུན་པོར་ཉིན་བྱེད་འབུམ་ཕྲག་གི ། མདངས་ཀྱིས་བྱུགས་འདྲ་ལྟ་བུའི་ཞལ་གཟིགས་ཏེ། །རྗེས་སུ་བཟུང་ཞིང་མངོན་སུམ་བྱིན་གྱིས་བརླབས། ། རྗེ་བཙུན་བཀའ་བཞིན་ཚེ་འདིའི་བྱ་བ་ཀུན། ། རིང་དུ་སྤངས་ནས་གཏན་འདུན་བསྒྲུབ་པའི་ཕྱིར། ། དབེན་པའི་གནས་སུ་རྩེ་གཅིག་སྒྲུབ་པ་ལ། ། བརྩོན་འགྲུས་ལྷོད་པ་མེད་ལ་ཅིས་མི་དད། ། ཡན་ལག་བདུན་པའི་ཆོ་ག་མཛད་པའི་ཚེ། ། བདེ་གཤེགས་སོ་ལྔའི་སྐུ་ཡི་དབྱིབས་མདོག་དང་། ། ཕྱག་མཚན་ལ་སོགས་ཇི་བཞིན་རྒྱུུན་དུ་གཟིགས། ། ཚོགས་བསགས་སྒྲིབ་པ་སྦྱོང་བའི་རྟེན་དུ་མཛད། ། རྣམ་འདྲེན་ལྷ་ཡི་ལྷར་གྱུར་ཤཱཀྱའི་ཏོག ། སྨན་གྱི་རྒྱལ་པོ་ཚེ་དཔག་མེད་མགོན་དང་། ། རྒྱལ་ཚབ་དམ་པ་མི་ཕམ་མགོན་པོ་སོགས། ། ཡང་ཡང་གཟིགས་ཤིང་རྗེས་བཟུང་བྱིན་གྱིས་བརླབས། ། ཁྱད་པར་རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་དབྱངས། ། ནམ་འདོད་གཟིགས་ནས་ལེགས་བཤད་ཨ་མྲྀ་ཏའི། ། རྒྱུན་བཟང་སྟོང་གིས་ཁྱེད་ཐུགས་ས་ཟླ་ཡི། ། ཀ་ལ་ཤ་མཆོག་བྱུར་བུར་ཅི་ཡང་གཏམས། ། ཐུབ་འི་བསྟན་པ་འཛིན་དང་སྤེལ་བ་ལ། ། སླར་ཡང་སྟོབས་བཅུའི་དཔལ་མངའ་བྱོན་པ་བཞིན། ། སངས་རྒྱས་མཛད་པ་བྱེད་པར་བྱམས་མགོན་གྱིས། ། མངོན་སུམ་དབུགས་དབྱུང་ལུང་བསྟན་མཆོག་ཏུ་བསྔགས། ། རྒྱལ་ཡུམ་སྒྲོལ་མ་གཙུག་ཏོར་གདུགས་དཀར་ཅན། ། འོད་ཟེར་ཅན་སོགས་ལྷག་ལྷ་དུ་མའི་ཞབས། ། ས་ར་ཧ་དང་དྲིལ་བུའི་ཞབས་ལ་སོགས། ། གྲུབ་ཆེན་དུ་མ་ཡང་ཡང་མངོན་དུ་གཟིགས། ། འཕགས་ཡུལ་ཤིང་རྟ་ཆེན་པོ་ཀླུ་ཡི་ཞབས། ། ཟླ་བ་གྲགས་དང་བུད་ངྷ་པཱ་ལི་ཏ། ། ཀླུ་ཡི་བྱང་ཆུབ་ཐོགས་མེད་དབྱིག་གཉེན་སོགས། ། པཎ་གྲུབ་དུ་མའི་ཞལ་གཟིགས་བྱིན་གྱིས་བརླབས། ། ཞི་གནས་ལྷག་མཐོང་ཟུང་འབྲེལ་རྣལ་འབྱོར་གྱི། ། ཏིང་འཛིན་འཕེལ་བས་བཟོད་དཀའི་གཟི་བརྗིད་ཅན། ། དཔལ་ལྡན་འཇིགས་མཛད་མངོན་སུམ་གཟིགས་བཞིན་དུ། ། བདག་འཇུག་ནམ་ཡང་ཆག་མེད་གནང་བར་མཛད། ། འཇམ་དབྱངས་ཐུགས་ཀའི་ཤེས་རབ་རལ་གྲི་ལས། ། བརྒྱུད་ནས་བབས་པའི་དཀར་གསལ་ཟག་མེད་ཀྱི། ། བདུད་རྩིས་སྐུ་གང་ལྷན་སྐྱེས་བདེ་ཆེན་གྱི། ། ཏིང་འཛིན་ལེགས་འཁྲུངས་ཟག་མེད་བདེ་བ་འབར། ། རྫིང་ཕྱིའི་གཙུག་ལག་ཁང་དང་བྱམས་པའི་སྐུ། ། འཇམ་དཔལ་བཀའ་བཞིན་ཞིག་གསོས་ལེགས་མཛད་དེ། ། རབ་གནས་གནང་ཚེ་ཡེ་ཤེས་སེམས་དཔའ་ཡི། ། ལྷ་ཚོགས་སོ་སོར་ཐིམ་པའི་གཟིགས་སྣང་ཤར། ། ལྷོ་བྲག་མཁན་ཆེན་ལས་རྡོར་དང་མཇལ་ཚེ། ། ཕན་ཚུན་ཡི་དམ་ལྷ་ཡི་རྣམ་པར་གཟིགས། ། ཕྱག་ན་རྡོ་རྗེའི་སྙན་བརྒྱུད་གདམས་ངག་དང་། ། གཞན་ཡང་ཟབ་ཆོས་དུ་མ་ལེགས་པར་གསན། ། འོ་དེ་གུང་རྒྱལ་ལྷ་ཞོལ་ལ་སོགས་པ། ། དབེན་གནས་དུ་མར་ཐུགས་དམ་ཟབ་མོར་གཞོལ། ། བདེ་ཅན་སྨོན་ལམ་ཚངས་པའི་ཅོད་པན་སོགས། ། རྗེ་བཙུན་བཀའ་ཡིས་བསྐུལ་ཏེ་ལེགས་པར་མཛད། ། དྭགས་པོ་ལྷ་སྡིངས་དགོན་པར་མནལ་ལམ་དུ། ། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་རྣམ་པ་ལྔས། ། རྗེས་སུ་བཟུང་ཞིང་བུད་ངྷ་པཱ་ལི་ཏ། ། གཟིགས་པས་འཕགས་པའི་དགོངས་པ་མཐར་ཐུག་འཁྲུངས། ། ཟབ་མོའི་ལྟ་བའི་གནད་རྣམས་གཟིགས་པ་ན། ། ཐུགས་རབ་འཕྲོག་སྟེ་ཡང་དག་གསུང་བ་ལ། ། རྟེན་ཅིང་འབྲེལ་འབྱུང་སྒོ་ནས་བསྟོད་པ་མཆོག ། ལེགས་བཤད་སྙིང་པོ་ཞེས་བྱ་ལེགས་པར་མཛད། ། བྱིན་རླབས་གཟི་འབར་ཇོ་ཤཱཀ་རྣམ་གཉིས་ལ། ། རིན་ཆེན་དབུ་རྒྱན་ཕུལ་ཞིང་མཆོད་པའི་སྤྲིན། ། གནམ་ས་གང་བས་རྒྱལ་རྣམས་མཉེས་མཛད་ཅིང་། ། ཐུབ་བསྟན་ཡུན་རིང་འབར་བའི་རྟེན་འབྲེལ་བསྒྲིག ། འོལ་ཁར་རྗེ་བཙུན་བྱམས་འཇམ་རྣམ་གཉིས་ཀྱིས། ། རིན་ཆེན་བདུད་རྩིས་གང་བའི་བུམ་བཟང་གཏད། ། བུ་སྟོན་མགོན་པོས་འདུས་པའི་རྩ་རྒྱུད་ཀྱི། ། གླེགས་བམ་བསྟབས་ནས་གསུང་གི་སྣང་བ་ཐོབ། ། གདན་ས་སྟོད་ལུང་གནམ་རྩེ་ལྡེང་མཆོག་ཏུ། ། རེད་མདའ་པ་དང་རྗེ་ཉིད་ལོ་ཆེན་དཔལ། ། རྣམ་གསུམ་ཞལ་འཛོམ་སྡེ་སྣོད་འཛིན་པའི་ཚོགས། ། དབྱར་ཞལ་བཞེས་ཏེ་བསྟན་པའི་དག་ཐེར་མཛད། ། དགག་དབྱེ་གྲོལ་ནས་རྭ་སྒྲེང་གནས་སུ་ཕེབས། ། འབྲོམ་སྟོན་གྱིས་བཞེངས་ཇོ་བོ་དབུ་ཡོན་མའི། ། སྤྱན་སྔར་ཡུན་རིང་ཤུགས་དྲག་གསོལ་བཏབ་ནས། ། ལམ་མཆོག་སྒོ་འབྱེད་ལྗགས་རྩོམ་གནང་བར་མཛད། ། དེ་ཚེ་ཐུབ་པའི་དབང་ནས་ལྷོ་བྲག་བར། ། ཁྱད་པར་ཨ་ཏི་ཤ་དང་འབྲོམ་སྟོན་པ། ། པོ་ཏོ་པ་སོགས་ཟླ་བའི་བར་གཟིགས་ཤིང་། ། གདམས་པ་རྗེས་སུ་བསྟན་པའང་མང་དུ་སྩལ། ། པོ་ཏོ་པ་དང་འབྲོམ་སྟོན་ཤ་ར་བ། ། ཇོ་བོ་ལ་ཐིམ་ཨ་ཏི་ཤ་ཡི་ཕྱག ། སྤྱི་བོར་བཞག་ནས་བསྟན་པ་ལ་བྱ་བ། ། རྒྱ་ཆེར་གྱིས་དང་བདག་གིས་གྲོགས་བྱ་གསུང་། ། དེ་ནས་ཆོས་རྗེ་དཀོན་མཆོག་ཚུལ་ཁྲིམས་དང་། ། སྐད་གཉིས་སྨྲ་བ་ལོ་ཆེན་སྐྱབས་མཆོག་དཔལ། ། ལ་སོགས་དགེ་བའི་བཤེས་གཉེན་སེམས་དཔའ་ཆེ། ། དུ་མ་ཡིས་ཀྱང་བསྐུལ་བ་ལ་བརྟེན་ནས། ། ལམ་གྱི་གཙོ་བོ་རྣམ་གསུམ་གཙོར་བྱས་ཏེ། ། ལམ་སྒྲོན་སོགས་ཀྱིས་བརྒྱན་ཏེ་སྐྱེས་བུ་གསུམ། ། ལམ་རིམ་དང་སྦྱར་ཁྱད་ཆོས་ལྔ་ལྡན་གྱི། ། ལམ་རིམ་ཆེན་མོ་ལྗགས་རྩོམ་ཕུལ་བྱུང་མཛད། ། དེ་སྐབས་ཞི་གནས་ཡན་ཆད་བརྩམས་ཟིན་ཚེ། ། ལྷག་མཐོང་བརྩམས་ཀྱང་ཕན་དཀའ་དགོངས་པ་ན། ། རྗེ་བཙུན་བཀའ་ཡིས་ཅིས་ཀྱང་རྩོམས་ཤིག་པའི། ། བསྐུལ་གནང་ཐོབ་པས་ཡོངས་སུ་རྫོགས་པ་མཛད། ། དེ་ནས་གསོལ་བ་ཤུགས་དྲག་ལེགས་བཏབ་སྟེ། ། སྟོང་ཉིད་ལ་ནི་ཞིབ་དཔྱོད་མཛད་པའི་ཚེ། ། འབུམ་གྱི་སྟོང་ཉིད་ཉི་ཤུའི་འགྲེས་རྐང་རྣམས། ། ནམ་མཁའི་ཁམས་ཀུན་ཁྱབ་པར་མངོན་སུམ་གཟིགས། ། དེ་དག་སྐབས་སུ་གཉན་ཆེན་ཐང་ལྷ་སོགས། ། དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་དུ་མ་ཡིས། ། ཐུགས་བཞེད་འཕྲིན་ལས་བསྒྲུབ་པར་གསོལ་བཏབ་པས། ། བསྔོ་སྨོན་ཡང་དག་མཚམས་སྦྱོར་བརྩེ་བས་གནང་། ། དེ་ལྟར་རྟེན་འབྲེལ་ངོ་མཚར་སྣ་ཚོགས་བཅས། ། ཚང་ལ་མ་ནོར་ལེགས་པར་བརྩམས་འཕྲལ་དུ། ། སྲས་ཀྱི་ཐུ་བོ་རྣམ་གཉིས་ལ་སོགས་པས། ། བཤད་སྒྲུབ་ཟུང་གིས་རྒྱ་ཆེར་སྤེལ་བར་མཛད། ། ལམ་སྒྲོན་ལ་སོགས་བཀའ་གདམས་པ་རྣམས་ཀྱིས། ། མཛད་པའི་ལམ་རིམ་རྨད་བྱུང་མི་ཉུང་མོད། ། ཁྱོད་ཀྱིས་མཛད་འདི་མཁས་གྲུབ་སུ་ཡིས་ཀྱང་། ། མ་ཐོན་ཁྱད་ཆོས་བླ་ན་མེད་པར་སྣང་། ། འཇམ་དཔལ་དབྱངས་ཀྱི་མན་ངག་རྩལ་བཏོན་ཅིང་། ། འཕགས་ཡུལ་ཤིང་རྟ་ཚེ་རྣམས་གཞུང་ཇི་བཞིན། ། ལུང་རིགས་དྲི་མེད་རྐྱ་བར་ནས་བཏོན་པས། ། ཁྱོད་གསུང་ལེགས་བཤད་ནམ་ཡང་འཁྲུལ་མི་མངའ། ། དེའི་ཕྱིར་རྟོག་གེ་རྒོལ་བ་འབུམ་ཕྲག་གིས། ། བསྐལ་བརྒྱར་དཔྱད་ཀྱང་གཞན་འགྱུར་གོ་སྐབས་བྲལ། ། གདུལ་བྱ་མཆོག་དམན་བར་གསུམ་མཐའ་དག་གི ། རྨོངས་སེལ་བློ་གྲོས་སྤེལ་ཞིང་དགའ་བ་སྟེར། ། དགུང་ལོ་ང་གསུམ་བཞེས་པ་ས་གླང་ལོར། ། དགའ་ལྡན་རྣམ་རྒྱལ་གླིང་མཆོག་ཕྱག་བཏབ་མཛད། ། ཟབ་རྒྱས་ཆོས་འཁོར་ཡུན་རིང་བསྐོར་བ་ཡིས། ། མདོ་སྔགས་རིང་ལུགས་དྲི་མེད་ཉིན་མོར་མཛད། ། ཆུ་ཕོ་འབྲུག་ལོར་བསྙུང་ཚུལ་བཞེས་པའི་ཚེ། ། བདུད་འདུལ་ཐུབ་ཆེན་གསེར་རི་ལྟར་བརྗིད་པ། ། རྒྱལ་ཡུམ་སྒྲོལ་མ་རྣམ་པར་རྒྱལ་མ་སོགས། ། ཁྱད་པར་ཕྱག་རྡོར་འཇིགས་མཛད་ཡང་ཡང་གཟིགས། ། དེ་ཚེ་བདུད་འཇོམས་ཐུགས་དམ་མཛད་པ་ན། ། བསྟན་བསྲུང་དམ་ཅན་རྒྱ་མཚོའི་དམག་ཚོགས་ཀྱིས། ། བདུད་སྡེའི་དཔུང་ཚོགས་རབ་ཏུ་ཚར་བཅད་པས། ། བདུད་དཔུང་ཕམ་པའི་སྒྲ་ཆེན་ཕྱོགས་བཅུར་གྲག ། ཕྱག་དྲུག་མགོན་པོ་གུར་མགོན་རྣམ་ཐོས་སྲས། ། ཁྱད་པར་སྟོབས་ཆེན་ལས་ཀྱི་གཤིན་རྗེ་ཡིས། ། མངོན་སུམ་གཟུགས་བསྟན་ཅི་གསུང་བཀའ་བཞིན་དུ། ། ཐུགས་བཞེད་འཕྲིན་ལས་གུས་པས་ཚུལ་བཞིན་བསྒྲུབ། ། ང་དགུ་བཞེས་པ་ཤིང་མོ་ལུག་གི་ལོར། ། གདན་ས་ཆེན་པོ་རི་བོ་དགེ་ལྡན་དུ། ། ལམ་རིམ་ཆེ་བའི་གནད་འགག་རྣམས་བསྡུས་ཏེ། ། ལམ་རིམ་ཆུང་བ་ལེགས་པར་ལྗགས་རྩོམ་གནང་། ། སྡོམ་གསུམ་ལེན་བསྲུང་ཉམས་ན་ཕྱིར་བཅོས་ཚུལ། ། ཉམས་རྣམས་གསར་དུ་གསོས་ཤིང་འཛུགས་པར་མཛད། ། མདོ་དང་སྔགས་ཀྱི་བཤད་སྒྲུབ་ཉམས་པ་ཀུན། ། ཁྱེད་ཀྱིས་གསོས་ཏེ་དར་ཞིང་རྒྱས་པར་གྱུར། ། རྣམ་དག་དྲི་མེད་བསྲེག་བཅད་བརྡར་གསུམ་གྱི། ། གསེར་བཞིན་ཕུལ་བྱུང་བསླབ་གསུམ་གཏེར་གྱུར་བ། ། ཞྭ་སེར་རིང་ལུགས་རྣམ་པར་རྒྱལ་བ་ཉིད། ། དེང་དུས་བར་དུ་འཕེལ་རྒྱས་ཁྱོད་ཀྱི་དྲིན། ། དུས་ལ་བབས་ཚེ་བཀའ་ལུང་མན་ངག་དང་། ། གཞུང་ཁྲིད་ལ་སོགས་ཟབ་ཆོས་དུ་མའི་ཆར། ། བྱམས་བརྩེའི་མཁའ་གླང་འཐུག་པོའི་ཕང་བ་ནས། ། སྐལ་ལྡན་ཡིད་ཀྱི་འཛིན་མར་ལེགས་པར་ཕབས། ། དགུང་ལོ་རེ་གསུམ་བཞེས་པ་ས་ཕག་ལོའི། ། དགུན་རར་དགའ་ལྡན་གནས་སུ་གཤེགས་ཚུལ་བསྟན། ། དེ་ཚེ་ཁྱོད་སྐུ་འཆི་མེད་གཞོན་ནུ་ལྟར། ། གྱུར་ཏེ་ལུས་ཅན་རྣམས་ཀྱི་དང་བ་འཕྲོག ། སྲས་ཆེན་རྣམས་ཀྱིས་དཀྱིལ་འཁོར་དུ་མའི་ཞལ། ། ཕྱེ་སྟེ་སྒྲུབ་མཆོད་ཚུལ་བཞིན་ལེགས་མཛད་ཅིང་། ། སྐུ་གདུང་རིལ་པོར་བཞུགས་སུ་གསོལ་བ་ལ། ། བླ་ན་ཡོད་མེད་དཔག་མེད་མཆོད་པས་མཆོད། ། དེ་ཚེ་ཉི་ཟླའི་འོད་མཛེས་གྲང་དྲོ་སྙོམས། ། དགུང་སྔོན་གཡའ་དག་རོལ་མོའི་སྒྲ་སྒྲོགས་ཤིང་། ། མེ་ཏོག་ཆར་བབས་འཇའ་འོད་འཁྲིགས་པ་སོགས། ། སྔོན་མེད་ཡ་མཚན་ལྟས་བཟང་འབུམ་ཕྲག་རྩེན། ། མཁྱེན་པའི་གཏེར་དང་གསང་བའི་བདག་པོ་ཡིས། ། ལུང་བསྟན་ཇི་བཞིན་དགའ་ལྡན་ལྷ་གནས་སུ། ། མི་ཕམ་མགོན་པོའི་སྤྱན་སྔར་རྒྱལ་བའི་སྲས། ། འཇམ་དཔལ་སྙིང་པོར་གྱུར་ལ་གསོལ་བ་འདེབས། ། འོན་ཏེ་ཆོས་དབྱིངས་ངང་ལས་མ་གཡོས་བཞིན། ། ཞིང་ཁམས་དུ་མར་སྤྲུལ་པའི་ཟློས་གར་ནི ། ། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་མཆོག ། ། ཅིག་ཆར་འགྱེད་ལ་གསོལ་འདེབས་ཐུགས་རྗེས་གཟིགས། ། དེ་ལྟར་མགོན་ཁྱོད་བསྟོད་པའི་བསོད་ནམས་ཀྱི། ། ལེགས་བྱས་མཆོག་གིས་རྒྱལ་བསྟན་བཻཌྰུར་དཀར། ། ཕན་བདེའི་རྒྱལ་མཚན་གཙུག་ན་མཛེས་གྱུར་ཅིག ། སྨོན་པའི་རེ་བ་འདི་བཞིན་འགྲུབ་བྱིན་རློབས། ། བདག་ཀྱང་ཚེ་འདིར་འདི་སྣང་བློས་བཏང་ནས། ། ཚུལ་ཁྲིམས་རྣམ་དག་ཐོས་བསམ་བྱ་བས་འདའ། ། ཁྱོད་མཉེས་བགྱིད་ཅིང་བཀའ་བཞིན་སྒྲུབ་ནུས་ཤོག ། སྨོན་པའི་རེ་བ་འདི་བཞིན་འགྲུབ་བྱིན་རློབས། ། རྟེན་འདི་འགག་ཚེ་ཁྱོད་ཞལ་དངོས་བསྟན་ནས། ། བུ་ཁྱོད་ཁོ་བོའི་དྲུང་དུ་ཚུར་ཤོག་ཅེས། ། མངོན་སུམ་གསུང་གི་སྣང་བ་ཐོབ་པར་ཤོག ། སྨོན་པའི་རེ་བ་འདི་བཞིན་འགྲུབ་བྱིན་རློབས། ། ཁྱད་པར་སེང་གེའི་ང་རོར་འཚང་རྒྱའི་ཚེ། ། འཁོར་གྱི་ཐོག་མར་གྱུར་ཏེ་འགྲོ་ཀུན་དོན། ། བྱང་ཆུབ་མཆོག་ཏུ་ལུང་བསྟན་ཐོབ་པར་ཤོག ། སྨོན་པའི་རེ་བ་འདི་བཞིན་འགྲུབ་བྱིན་རློབས། ། དེར་མ་སོན་པའི་ཚེ་རབས་ཀུན་ཏུ་ཡང་། ། དལ་བའི་རྟེན་ཐོབ་གཞོན་ནུར་རབ་ཏུ་བྱུང་། ། ཁྱོད་ཀྱིས་རྗེས་བཟུང་ས་ལམ་མཐར་ཕྱིན་ཤོག ། སྨོན་པའི་རེ་བ་འདི་བཞིན་འགྲུབ་བྱིན་རློབས། ། ངག་གི་དབང་ཕྱུག་ཟུར་ཕུད་ལྔ་པ་ཡིས། ། སྐྱེ་བ་ཀུན་ཏུ་དགེ་བཤེས་དངོས་མཛད་ཅིང་། ། ཆོས་ཀུན་རྟོགས་པའི་ཤེས་རབ་སྩོལ་བར་ཤོག ། སྨོན་པའི་རེ་བ་འདི་བཞིན་འགྲུབ་བྱིན་རློབས། ། དཔལ་ལྡན་འཇིགས་མཛད་ཁྲོ་བོའི་དབང་པོས་ཀྱང་། ། རྗེས་སུ་བཟུང་སྟེ་མཆོག་དང་ཐུན་མོང་གི ། དངོས་གྲུབ་མཐའ་དག་བདེ་བླག་སྩོལ་གྱུར་ཅིག ། སྨོན་པའི་རེ་བ་འདི་བཞིན་འགྲུབ་བྱིན་རློབས། ། བསྟན་སྲུང་སྤྱི་དང་ཁྱད་པར་ལས་གཤིན་གྱིས། ། བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་བར་ཆད་སེལ། ། མཐུན་རྐྱེན་འཕྲིན་ལས་རྟག་ཏུ་སྒྲུབ་བྱེད་ཤོག ། སྨོན་པའི་རེ་བ་འདི་བཞིན་འགྲུབ་བྱིན་རློབས། ། 
                                                             ཅེས་པ་འདི་ནི་ཨ་ཀྱ་སྤྲུལ་མིང་པར་སྒྲོ་བཏགས་པའི་བན་ཆུང་གྱི་ན་བ་བསྟན་པའི་རྒྱལ་མཚན་དུ་འབོད་པ་བདག ། རང་ལོ་བཅུ་དགུ་པ་ས་འབྲུག་ལོར་ཆོས་སྡེ་ཆེན་པོ་ཡུང་ཧེ་གུང་དགའ་ལྡན་བྱིན་ཆགས་གླིང་གི་རང་ཤག་ཏུ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བསྙེན་མཚམས་སུ་བསྡད་ཁུལ་ལྟ་བུ་བྱས་པའི་སྔ་ཞག་འགར་རྨི་ལམ་དུ། ཁོའི་ཞང་བོ་ཨ་ཁུ་དགེ་སློང་བསོད་ནམས་དགེ་འཕེལ་གྱིས་ཁྱོད་མཚམས་ལ་བསྡད་ན་ཐུན་མཚམས་རྣམས་སུ་༧རྗེ་རིན་པོ་ཆེའི་རྣམ་ཐར་དང་འབྲེལ་བའི་བསྟོད་པ་ཞིག་བསྒྲིགས་ཤིག་པའི་བསྐུལ་མ་བྱུང་བ་ལྟར་མཚམས་ཀྱི་ཐུན་གསེང་རྣམས་སུ་གུས་པས་བསྒྲིགས་ལགས་ཤིང་། ས་སྦྲུལ་ལོའི་ཆོ་འཕྲུལ་ཟླ་བའི་ཉ་པའི་དུས་ཆེན་ལ་མཚམས་གྲོལ་ཏེ་ཁ་སྐོང་གི་སྦྱིན་སྲེག་ཕུལ་རྗེས་འདིའི་མཇུག་གྲུབ་པར་བགྱིས་པ་སྟེ། ཅི་ཡང་མ་བསླབ་པའི་བྱིས་པ་རྨོངས་པར་གྱུར་པའི་དབང་གིས་ཚིག་སྐྱོན་དང་གོ་རིམ་འཆོལ་བ་སོགས་ནོར་འཁྲུལ་བྱུང་བ་རྣམས་དམ་པའི་སྐྱེས་བུ་རྣམས་ལ་མཐོལ་ཞིང་བཤགས་སོ་བཟོད་པ་ཆེན་པོ་མཛོད་ཅིག ། འདིས་ཀྱང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཟབ་མོ་དབུ་མའི་ལྟ་བ་དང་ཉེ་བར་འབྲེལ་བའི་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་བཟང་པོ་འདི་ཉིད་ཕྱོགས་ཐམས་ཅད་དུ་ཡུན་རིང་དར་རྒྱས་སུ་གྱུར་ཅིག ། །།སརྦ་མངྒ་ལཾ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]