ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> བསྟོད་ཚོགས། >> ཆོས་རྒྱལ་དགེ་དབང་གི་བསྔགས་པ་བརྗོད་པའི་རབ་ཏུ་བྱེད་པ་དཔྱིད་ཀྱི་མེ་ཏོག་གསར་བའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།

ཆོས་རྒྱལ་དགེ་དབང་གི་བསྔགས་པ་བརྗོད་པའི་རབ་ཏུ་བྱེད་པ་དཔྱིད་ཀྱི་མེ་ཏོག་གསར་བའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན།] [ཟླ་ཚེས། 11-11-06] [ཀློག་གྲངས། ]

                                                                          ༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །
                                                                            དཔལ་ལྡན་ཚོགས་གཉིས་རིན་ཆེན་རྡུལ། ། 
                                                                            མཐོན་པོར་བརྩེགས་པའི་བ་གམ་ནི། ། 
                                                                            སྲིད་ཞིའི་བླ་ན་མཚན་དཔེའི་འོད། །
                                                                            རབ་འབར་ཟས་གཙང་སྲས་པོ་རྒྱལ། ། 
                                                དཔལ་སྟུག་ཀུན་གྱི་ཡེ་ཤེས་མཆོག་གི་རང་གཟུགས་དྲི་མ་མེད་པའི་དཀྱིལ་འཁོར་ནི། ། 
                                                བཅུ་དྲུག་ལང་ཚོའི་དཔལ་དུ་རྫོགས་པའི་འཇོ་སྒེག་འགྲོ་ལ་ངོམས་པའི་རྣམ་འགྱུར་ཅན། ། 
                                                ཤེས་བྱའི་ཁོར་ཡུག་འཆིང་བའི་ཞགས་པ་དཀྱུས་རིང་མིག་གི་རོལ་བ་ལྷུར་ལེན་པས། །
                                                མི་ཟད་ངག་གི་དཔལ་སྟེར་འཇམ་དབྱངས་བླ་མ་དེ་ཡིས་གཟིགས་པ་དམ་པས་སྐྱོང་། ། 
                                                མཛེས་སྡུག་ཟླ་བ་བཞུས་པའི་ཁུ་བ་མིག་གི་བདུད་རྩིར་འཁྱིལ་བ་གང་། ། 
                                                རྣམ་པར་རོལ་བའི་སྒྲ་དབྱངས་ཀུན་ལ་སྙན་ཚིགས་རིག་བྱེད་སློབ་པ་བཞིན། ། 
                                                ཡང་ཡང་སྒྲོགས་ལ་ཚངས་པའི་བུ་མོ་ཞེས་སུ་གྲགས་པ་རབ་དཀར་བ། ། 
                                                ལྷ་བརྒྱའི་རལ་པའི་ཅོད་པན་གང་དེར་བདག་ཀྱང་སྙིམ་པ་སྤྱི་བོར་ཟུམ། ། 
                                                ངག་ལ་དབྱངས་ཅན་རིག་པའི་འཕྲུལ་འཁོར་རྫོགས་པར་བྱང་བ་ཡི། ། 
                                                སྨྲ་བའི་དཔའ་བོ་དགེ་བའི་དབང་པོ་འཇིགས་མེད་འདིར་བསྟོད་ཀྱིས། ། 
                                                ནོར་བུའི་རྒྱན་གྱིས་སྒེག་པའི་བསོད་ནམས་ཞལ་རས་རྒྱས་པ་དེ། ། 
                                                ཕྱོགས་འདིར་སྒྱུར་ལ་ཨུཏྤལ་སྤྱན་གྱིས་བདག་ལ་སྐལ་བཟང་སྒྲུབ། ། 
          བསོད་ནམས་ཕུང་པོ་འཆི་མེད་རི་བོ་རྒྱུ་བ་བཞིན། ། སྙིང་སྟོབས་དཀར་པོ་ཟླ་བའི་ཁུ་བས་བྲན་པ་བཞིན། ། བློ་གྲོས་ཡངས་པོ་རིག་པའི་ཕ་རོལ་ཚོལ་བ་བཞིན། ། དགེ་བའི་དབང་པོ་དགེ་ལེགས་གཟུགས་སུ་གྲུབ་པ་བཞིན། ། ལྷ་ཡི་འཇིག་རྟེན་རྫོགས་པར་འདོམས་པ་ཡི། ། གསེར་གྱི་བ་གམ་རྒོད་པའི་གྲོང་ཁྱེར་ནི། ། རྨུགས་འཛིན་འབྱོར་བའི་ཁྱད་པར་རྣམ་རྒྱས་ཤིང་། ། སྐྱེ་བོའི་ཚོགས་ཀྱིས་ཡོངས་སུ་གང་བ་ཡོད། ། དེར་ནི་སྐྱེ་རྒུའི་སྣང་བར་རིམ་ཚེས་པའི། ། སྔོན་གྱི་ས་སྤྱོད་ཟླ་བའི་རིགས་ལ་ནི། ། ས་ལ་རྫོགས་ལྡན་བདུད་རྩིའི་འོད་དགྲེམ་པའི། ། སྔོན་མེད་བསོད་ནམས་དཀྱིལ་འཁོར་དེང་འདིར་ཤར། ། ཁྱོད་ཀྱི་ཞབས་སྐྱེས་མེ་ཏོག་ཕོན་པོ་ནི། ། ཕྱོགས་ཀྱི་ས་སྐྱོང་ཐོད་དུ་རྣམ་མཛེས་ཤིང་། ། ཉིན་བཞིན་འཁོར་ཡུག་རི་བོའི་བར་དག་ཏུ། ། བཀའ་ལུང་སྙན་པོ་དབྱར་གྱི་རྔ་བཞིན་སྒྲོགས། ། སྤྲིན་གྱི་དུམ་བུ་གཡོ་འདྲའི་གཉིས་འཐུང་ནི། ། དུལ་བའི་བསླབ་པ་ཡོངས་རྫོགས་རྣམ་མང་པོའི། ། གསེར་གྱི་དོ་ཤལ་མེ་ཏོག་ལ་སྲེད་པའི། ། དཔྱིད་ཀྱི་བུང་བ་འགྲམ་པའི་རྔ་གསང་སྒྲོགས། ། དགྲ་ཡི་དཔལ་འབྱོར་ཟ་བའི་ཞུགས་ཀྱི་རྩེ། ། བསྐྱོད་པའི་ཟློས་གར་ལྟ་བུའི་བ་དན་གྱིས། ། ཕྱོགས་རྣམས་ཁྱབ་པར་འགེངས་པའི་དཔའ་བོ་ནི། ། མཆོག་གི་སྟོབས་ལྡན་རྣམས་ཀྱིས་ཁྱོད་ལ་བརྟེན། ། མངོན་པར་འབྱོར་བས་གཞན་ལ་ཕྲག་དོག་གི ། མེ་ཡིས་མི་གདུང་བདུད་རྩི་སྤྲོ་བར་བྱེད། ། འོད་ཀྱི་དཔལ་འབྱོར་རྫོགས་པའི་ཟླ་བ་ཡིས། ། ཀུན་ལ་སྙིང་གི་གདུང་སེལ་བདུད་རྩི་སྟེར། ། དེ་ལྟའི་ཕུན་ཚོགས་ལྟ་ཕྱིར་མཐོ་རིས་ནས། ། རྒྱུ་སྐར་ཚོགས་རྣམས་ཕྱོགས་འདིའི་མཁར་རྒྱུ་ཞིང་། ། ལྷ་ཡི་སྐྱེད་ཚལ་གསར་བའི་ཕྲེང་བ་ཡང་། ། ས་འདིར་དགེ་མཚན་དག་དང་ལྷན་ཅིག་བཀྲ། ། དེ་སླད་འཁོར་ཡུག་རི་བོ་ཡི། ། ཁོངས་ཡངས་འཛིན་མའི་ཁྱོན་འདི་ན། ། དགེ་བའི་རང་གཟུགས་མངོན་མཐོ་བ། ། ཁྱོད་ནི་ས་འཛིན་དབང་པོ་ཉིད། ། མཐའ་དག་རྒྱལ་ཕྲན་བཞིན་གྱི་སྣོད། ། ནོར་བུའི་དོ་ཤལ་བཀྲམ་པ་ཡི། ། གསེར་གྱི་ཁྲི་ལ་འགྱིང་བ་ཁྱོད། ། བསོད་ནམས་བཞིན་དུ་མངོན་པར་མཐོ། ། ས་ལ་མཐོ་རིས་བདག་པོ་ནི། ། མངོན་པར་འོངས་ཀྱང་ཁྱོད་སྐུའི་དཔལ། ། ལྟ་བའི་འཇིག་རྟེན་འདི་དག་གི ། མིག་གི་བརྟན་པ་འཕྲོག་མི་ནུས། ། ས་སྐྱོང་ཀུན་གྱི་སྤྱི་བོ་ལ། ། ཅོད་པན་ལས་ཀྱང་མཛེས་པའི་ཞབས། ། གང་ལ་བཀོད་པའི་ས་དེ་ཡང་། ། ལྷ་མིའི་ཕྱག་འོས་དམ་པ་ཉིད། ། གཞལ་མེད་ནོར་བུའི་དོ་ཤལ་དང་། ། འཆི་མེད་གོས་ཀྱི་ལྷབ་ལྷུབ་ཀྱིས། ། མཚན་དཔེའི་ཕུང་པོ་ཁྱོད་ཀྱི་སྐུ། ། ཡོན་ཏན་བཞིན་དུ་རབ་ཏུ་མཛེས། ། ཞི་བ་བདུད་རྩིའི་རླན་ལྡན་པའི། ། སྤྱན་ཟུང་སྐྱེ་རྒུ་འདི་དག་ལ། ། ཆགས་པའི་དཀྱུས་ནི་རྣ་བ་ཡི། ། ཨུཏྤལ་དག་ལ་ཕྲག་དོག་བྱེད། ། རིགས་དང་སྒྱུ་རྩལ་ཡོན་ཏན་གྱིས། ། དྲེགས་ལྡན་འཁོར་ཚོགས་བྱེ་བའི་དབུས། ། སྤོབས་པའི་དཀྱིལ་འཁོར་རྫོགས་པའི་ཟླ། ། ཁྱོད་ཞལ་འཇིག་རྟེན་ཀུན་ལ་འཛུམ། ། དགེ་བའི་དབང་པོའི་བསྔགས་པ་བརྗོད་པའི་རབ་ཏུ་བྱེད་པ་དཔྱིད་ཀྱི་མེ་ཏོག་གསར་པོའི་དོ་ཤལ་ལས་བསོད་ནམས་ཡོངས་སུ་རྒྱས་པའི་རབ་ཏུ་བྱེད་པ་གུར་གུམ་གཞོན་ནུའི་ཆུན་པོ་སྟེ་དང་པོའོ།། །།
            སྐྱེ་རྒུ་ཀུན་གྱི་ཕན་བདེའི་ཁུར། ། རྫོགས་པར་འདེགས་པའི་སྙིང་སྟོབས་ནི། ། སྟོན་ཟླ་རྒྱས་པའི་དཀྱིལ་འཁོར་ལས། ། གསར་དུ་འོངས་བཞིན་རྣམ་པར་དཀར། ། དྲི་མེད་རང་རིགས་ཆུ་གཏེར་གྱི། ། ཟླ་བ་ཀུན་ལ་འཛུམ་སྟོན་པ། ། ཁྱོད་གསུང་དགེ་བའི་ཟླ་ཟེར་གྱིས། ། ཕྱོགས་རྣམས་ཕན་བདེའི་གོས་དཀར་འཛིན། ། འདོད་རྒུ་སྦྱིན་ལ་རིང་སྐྱོང་བའི།། ཕྱག་ཟུང་འཁྲི་ཤིང་རབ་ལྡེམ་པ། ། སློང་བའི་དཔག་བསམ་ལྗོན་པ་ཁྱོད། ། སློང་བ་མེད་པར་བྱེད་འདི་ཅི། ། ཕྱོགས་རྣམས་ལ་ནི་མི་འཇིགས་པ། ། རྫོགས་པར་བྱིན་པའི་ནགས་རྣམས་སུ། ། རི་དྭགས་ཕྲུ་གུ་འདི་དག་ཀྱང་། ། གཅན་གཟན་ལ་ཡང་བག་ཡངས་རྩེ། ། སྐྱེ་རྒུ་མཐོ་རིས་སུ་འཛེགས་པའི། ། བསོད་ནམས་ཐེམ་སྐས་བཙུགས་ཁྱོད་ཀྱི། ། ཁྲིམས་ཀྱི་རྔ་ནི་འཇིག་རྟེན་ན། ། ལེགས་བྱས་དབྱུ་གུ་ཉིད་ཀྱིས་རྡུང་། ། ཇི་ལྟར་སྐྱེ་རྒུ་འདི་དག་གི ། དོན་དུ་ཁྱོད་ཐུགས་རབ་གདུང་བ། ། དེ་ལྟར་དགྲ་བོའི་ལག་སོན་པའི། ། བུ་གཅིག་ཉིད་ལ་མ་མི་སེམས། ། སྐྱེ་རྒུ་ལེགས་པའི་ལམ་དག་ན། ། ཆོས་ཀྱི་སྣང་བས་འགྲོ་བ་ལ། ། ཁྱོད་དང་འདོད་པའི་དབང་ཕྱུག་གཉིས། ། དགའ་དང་མྱ་ངན་ཡོངས་སུ་འགྲན། ། དགེ་བའི་དབང་པོའི་བསྔགས་པ་བརྗོད་པའི་རབ་ཏུ་བྱེད་པ་དཔྱིད་ཀྱི་མེ་ཏོག་གསར་བའི་དོ་ཤལ་ལས་ལྷག་བསམ་གྱི་མཐུ་མཆོག་ཏུ་དགེ་བའི་རབ་ཏུ་བྱེད་པ་པད་དཀར་གཞོན་ནུའི་ཆུན་པོ་སྟེ་གཉིས་པའོ། །         
         སྙིང་ལ་བསིལ་བ་རབ་སྟེར་ཞིང་། ། མགྲིན་པ་མཆོག་ཏུ་མཛེས་པར་བྱེད། ། ལེགས་བཤད་མུ་ཏིག་དོ་ཤལ་ནི། ། རིང་མོ་ཞིག་ནས་ཁྱོད་ཀྱིས་བཟུང་། ། རྣ་གོང་ཨུཏྤལ་ལ་སྲེད་པའི། ། བུང་བའི་ཚོགས་ཀྱང་དུས་ཀུན་ཏུ། ། ཁྱོད་གཙུག་དམ་པའི་ཞབས་རྡུལ་ལ། ། གུས་པ་བཞིན་དུ་ཡང་ཡང་འཁོར། ། ལེགས་བྱས་རིན་ཆེན་ལས་གྲུབ་པའི། ། རྣ་བ་ཡི་ནི་སྣོད་ཡངས་སུ། ། ཐོས་པ་རྒྱ་མཚོའི་རྒྱུན་དག་ནི། ། ཉིན་བཞིན་བབས་ཀྱང་གངས་མ་གྱུར། ། ཟབ་ཡངས་རིག་གནས་དམ་པའི་མཚོ། ། རྣམ་པར་འཁྱིལ་བ་ཁྱོད་ཀྱི་ཐུགས། ། དྲི་མེད་ཤེལ་གྱི་བུམ་བཟང་དེར། ། དོགས་པ་མེད་པར་ངལ་གསོ་བྱེད། ། དེ་སླད་ཤེས་བྱའི་འཁོར་ཡུག་ནི། ། བློ་གྲོས་གོམ་པ་གཅིག་གིས་ཀྱང་། ། རྣམ་པར་གནོན་པ་ཁྱོད་ཀྱི་ལྕེ ། རྒོལ་བའི་གཡུལ་ངོ་འཇོམས་པའི་མཚོན། ། སྙིང་ལ་ལེགས་བཤད་བཅུད་འཐུང་བའི། ། མྱོས་པའི་ཉམས་ཀྱིས་སྒེག་པ་ཁྱོད། ། དགའ་བའི་གླུ་ནི་མཁས་རྣམས་ཀྱི། ། རྣ་བར་རིགས་པའི་གསང་ཚིག་སྒྲོགས།། རྣམ་དཔྱོད་ཆུ་གཏེར་རོལ་བའི་རླབས། ། མགྲིན་པའི་ལམ་ནས་འཕོས་པའི་རྒྱུན། ། སྙན་དངགས་བདུད་རྩིའི་གཟེགས་མ་ནི། ། ཕྱོགས་ཀྱི་ངོགས་སུ་ཆད་པ་མེདཞ ། དབྱངས་ཅན་རིག་པའི་བཅུད་ཀྱིས་ནི། ། མྱོས་པའི་ལྕེ་རྩེ་ཅུང་ཟད་ཙམ། ། བསྐྱོད་པ་ཡིས་ཀྱང་ས་གསུམ་དུ། ། དྲི་ཟའི་འཇིག་རྟེན་རྫོགས་པར་སྟོན། ། ཁྱོད་ཐུགས་ཡོན་ཏན་སྦྲང་རྩིའི་ཁུར། ། རྣམ་འཛིན་གྲགས་པའི་བུང་བ་དག ། མཁས་རྣམས་ཁ་ཡི་པད་ཚལ་ན། ། ཕྱོགས་སུ་སྙན་པའི་སྤྲིང་ཡིག་སྒྲོགས། ། ཉམས་འགྱུར་རིགས་པའི་དཀྱིལ་འཁོར་གྱིས། ། བློ་གྲོས་ཡར་ངོ་མཛེས་ཁྱོད་ཀྱི། ། སྙན་ཚིག་ག་བུར་གཟེགས་མ་འདིས། ། མ་ཟུམ་ལག་པའི་པད་མོ་གང་། ། ཁྱོད་ཞལ་ཉི་མ་འཛུམ་པའི་འོད། ། ཅུང་ཟད་སྙིང་ལ་རེག་རྣམས་ཀྱང་། ། བློ་གྲོས་འདབ་བརྒྱ་གྲོལ་བའི་ཁ། ། རིགས་ཚུལ་སྦྲང་རྩིའི་དགའ་སྟོན་འགྱེད། ། ནམ་ཞིག་ཁྱོད་ལ་གཉིས་སྐྱེས་ནི། ། རིག་བྱེད་ཀུན་གྱི་མེ་ལོང་ཞིག ། རིག་གནས་རྒྱུ་སྐར་དོ་ཤལ་ཅན། ། ངག་གི་ཟླ་བ་ཁྱོད་གསོན་ཅིག ། སྐྱེ་རྒུའི་འདྲེན་པ་ཐུབ་མཆོག་གི ། རྟོགས་བརྗོད་རྣ་བའི་བདུད་རྩི་ཡིས། ། ས་གསུམ་མུན་པ་འཕྲོགས་ཤིག་ཅེས། ། བསྐུལ་ཚིག་བསོད་ནམས་ཕོ་ཉ་མངགས། ། དེ་ནས་ལེགས་པའི་ལམ་དག་ལ། ། འབྲལ་བ་མེད་པའི་གྲོགས་པོ་ཡིས། ། ཤིན་ཏུ་མཛའ་བའི་འཛུམ་གསལ་ཞིང་། ། གུས་པའི་ཚིག་གིས་རབ་སྨྲས་པ། ། སྔོན་གྱི་མཁས་པའི་རྟོགས་བརྗོད་རྣམས། ། རིམ་པ་བྲལ་ཞིང་རྟོགས་དཀའ་བས། ། ངོ་མཚར་དོན་གྱི་རིན་ཆེན་རྣམས། ། སྦས་པ་བཞིན་དུ་གསལ་མ་གྱུར། ། མི་ཟད་རྒྱན་གྱི་ཉམས་རྫོགས་པའི། ། གཏམ་གྱིས་ཐུབ་པའི་མཛད་པ་ནི། ། ཀུན་ལ་ཐུན་མོང་བདུད་རྩི་རུ། ། ཁྱོད་ཀྱིས་མཛོད་ཅེས་སླར་ཡང་བསྐུལ། ། མཐར་ནི་ཁྱོད་ཀྱི་བློ་གྲོས་ལ། ། གཟིགས་པའི་སླད་དུ་གཤེགས་པ་བཞིན། ། ཁྱོད་ནི་བདེ་བར་མནལ་ལམ་དུ། ། འཇིག་རྟེན་འདྲེན་པ་ཉིད་བྱོན་གྱུར། ། མི་བདག་ལེགས་བྱས་ཀྱིས་བསྒྲུབས་པའི། ། ལྕེ་ནི་ཆོས་ཀྱིས་དོན་ཡོད་བྱ། ། གང་ཕྱིར་ཆོས་ལ་མ་བཀོད་པའི། ། དཔལ་ནི་ཆུ་ཤིང་འབྲས་བུ་ཉིད། ། དམ་པའི་ཆོས་ཀྱི་རོ་མངར་བའི། ། ཚིག་གི་བདུད་རྩི་ཁྱོད་ཀྱིས་སྒྲུབས། ། འདི་ཡིས་སེམས་ནི་ཞི་འགྱུར་བའི། ། ལེགས་བྱས་སྣོད་ནི་མང་དུ་འབྱུང་། ། མ་འོངས་སྐྱེ་བོ་མུན་པར་ནི། ། ལས་ཀྱིས་རྣམ་པར་འཁྱམས་པ་ལ། ། གཏམ་འདི་མཐོ་རིས་ལམ་གསལ་བའི། ། རིན་ཆེན་སྒྲོན་མེ་ཉིད་དུ་འགྱུར། ། དེ་སྐད་བཅོམ་ལྡན་རྒྱལ་བའི་གསུང་། ། དགྱེས་པའི་ཚེམས་དཀར་སྤྲིན་རུམ་ནས། ། འབྲུག་སྒྲ་ཟབ་མོ་དང་མཚུངས་པར། ། ཁྱོད་ལ་ཡང་དག་བསྐུལ་བར་གྱུར། ། དེ་ཚེ་མི་བདག་ཁྱོད་ལ་ནི། ། དགའ་དང་གུས་དང་སྤྲོ་བ་རྣམས། ། བསོད་ནམས་བཞིན་དུ་རབ་རྒྱས་ཏེ། ། ལེགས་བཤད་རྩོམ་ལ་ཞུགས་པར་གྱུར། ། འགྲོ་གསུམ་བློ་ཡི་སྙིམ་པ་རུ། ། ཚིག་གི་འདོད་རྒུ་རྫོགས་བྱེད་པ། ། སྔོན་མེད་དཔག་བསམ་འཁྲི་ཤིང་ནི། ། ས་འདིར་བསོད་ནམས་མཐུ་ཡིས་སྐྱེས། ། རྟོགས་བརྗོད་བདུད་རྩིའི་སྐྱེས་ཐོགས་པའི། ། ལེགས་བཤད་གསར་བའི་ཕོ་ཉ་འདིས། ། བསོད་ནམས་དཔྱིད་ཀྱི་དགའ་སྟོན་ལ། ། སྐྱེ་རྒུ་རྣམས་ནི་མགྲོན་དུ་འགུག ། དབྱངས་ཅན་པིར་གྱིས་བྲིས་བ་ཡི། ། རི་མོ་འཇིག་རྟེན་དུ་བྱུང་བ། ། གོ་བྱེད་མཐོ་རིས་བདག་པོའི་གཞུ། ། དགེ་མཚན་ཟོལ་གྱིས་མཁའ་ལ་རྒྱུ། ། དྲི་མཆོག་གིས་ནི་ཙན་དན་བཞིན། ། ངོ་བོ་ཉིད་ཀྱིས་ཁྱོད་ལ་ནི། ། དམ་པའི་དཔལ་ཡོན་མཐའ་དག་གིས། ། མཛའ་བ་ནམ་ཡང་གཏོང་མི་བྱེད། ། བསོད་ནམས་ལྷག་བསམ་ལྷག་པའི་བློ། ། མཆོག་ཏུ་དགེ་བ་དགེ་བའི་དབང་། ། མི་ཡི་ལྷ་ཁྱོད་ལྷ་མིའི་དབུས། ། རྫོགས་པའི་ཟླ་བཞིན་ཟླ་དང་བྲལ། ། དགེ་བའི་དབང་པོའི་བསྔགས་པ་བརྗོད་པར་རང་ཏུ་བྱེད་པ་དཔྱིད་ཀྱི་མེ་ཏོག་གསར་བའི་དོ་ཤལ་ལས་རིགས་པའི་གནས་ལ་བློ་གྲོས་རྣམ་པར་ཡངས་པའི་རབ་ཏུ་བྱེད་པ་ཨུཏྤལ་གཞོན་ནུའི་ཆུན་པོ་སྟེ་གསུམ་པའོ།། །།
      
སྔོན་གྱི་མཁས་པ་རིམ་བྱོན་རྣམས། ། དམ་པ་མང་པོའི་སྤྱོད་ཚུལ་གྱི། ། རང་གཟུགས་རྣམ་པར་བཀྲ་བ་ཡི། ། ངག་གི་མེ་ལོང་མང་དུ་བྱས། ། འོན་ཀྱང་ཚུལ་འདི་སྨྲ་བ་ལ། ། བསོད་ནམས་བྱེད་པོས་རིང་ཞིག་ནས། ། ཁྱོད་ཉིད་མངོན་པར་བསྐོས་སོ་ཞེས། ། རིག་པའི་བགོ་སྐལ་བདག་ལ་བཞག ། དེ་སླད་དགེ་བའི་དབང་པོ་ཡིས། ། རབ་དགའི་ཡིད་ཀྱི་དཔལ་ངོམས་པ། ། བསྔགས་བརྗོད་མེ་ཏོག་གསར་བ་ཡི། ། ཆུན་པོ་འདི་ནི་བདག་གིས་བྱས། ། མ་ལ་ཡ་ཡི་དྲི་བཟང་འཐུལ་བའི་ལྷོ་ཡི་རླུང་བཞོན་དང་། ། སོས་ཀ་ལྷུང་ལྷུང་འབབ་པའི་ཆུ་རྒྱུན་ཝུ་བའི་དོ་ཤལ་ཅན། ། དྲི་མེད་དཀྱིལ་འཁོར་རབ་རྒྱས་ཟླ་བའི་འཛུམ་དཀར་བདུད་རྩི་རྣམས། ། མཆོག་ཏུ་བསིལ་ཞེས་འཇིག་རྟེན་འདི་ན་ཡང་ཡང་ཟློས་འུར་སྒྲོག ། དབྱངས་ཅན་རིག་པའི་ཚོན་མངས་རྣམ་པར་འཐུང་བའི་ཤེས་རབ་རྣོན་པོའི་པིར། ། རྟག་ཏུ་ལེགས་བཤད་རོ་ལ་ཆགས་པས་ཀུན་ཏུ་དམར་བ་ལྕེ་ཡི་གཟུགས། ། དེ་ཡིས་དཔྱོད་ལྡན་སྙིང་ལ་ཚངས་པའི་བུ་མོ་རོལ་བ་འདི་ལྟ་ཞེས། ། སྣང་བརྙན་རྫོགས་པར་འབྲི་བ་མཐོང་ཚེ་མཁས་རྣམས་ཡིད་ནི་ཅིས་མི་འཕྲོགས། ། བདག་གིས་འདིར་ནི་འབད་ལས་ལས་དཀར་ཕུང་པོ་ཅུང་ཟད་སྲིད་ན་དེ་ཡི་མཐུས། ། ཡོངས་འཛིན་མཁས་པའི་ཞབས་ཟུང་ཟུང་འཇུག་བར་དུ་སྤྱི་བོའི་གཙུག་ཏུ་མི་འབྲལ་ཞིང་། ། ལེགས་བཤད་བདུད་རྩིའི་དབལ་ཀུན་ཀུན་དགའི་སྙིམ་པར་ཡོངས་སུ་འཐུང་བས་ཆོས་ཀུན་ལ། ། བློ་གྲོས་འཇིགས་མེད་འཇམ་དབྱངས་དབྱངས་ཅན་སྤོབས་པ་རིང་པོར་མི་ཐོགས་འགྲུབ་གྱུར་ཅིག །    
          ༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག ། དཔལ་ལྡན་ཟག་པ་མེད་པའི་ཡེ་ཤེས་མཆོག་གི་རོལ་མཚོ་མུ་མཐའ་བྲལ་བའི་འཇུག་ངོགས་ནས། ། གཅིག་ཏུ་འགྲོ་ལ་ཆགས་པའི་བརྩེ་ཆེན་ཆར་སྤྲིན་སྟུག་པོ་ཕྱོགས་ཀུན་ཁྱབ་པར་གཡོ་བ་ལས། ། ཕན་དང་བདེ་བའི་ཆར་ཟིམ་དལ་གྱིས་འཇོ་བའི་བསིལ་རྒྱུན་བདུད་རྩིའི་དགའ་སྟོན་ཟད་མི་ཤེས། ། ཡོངས་ཀྱི་མ་འདྲིས་མཛའ་བཤེས་ཐུབ་དབང་དེ་ཡིས་བདག་ཅག་དགེ་ལེགས་དམ་པས་སྐྱོང་བར་མཛོད། ། ལྷ་མིའི་འདྲེན་པ་གང་གིས་རང་ཉིད་གང་ནས་གཤེགས་པའི་ལམ་བཟང་བཀྲ་ཤིས་སྒོ་བརྒྱ་ཅན། ། གང་ཡིན་དེ་ཉིད་སྲིད་པར་འཁྱམས་པའི་གཉེན་རྣམས་དག་ལ་བརྩེ་བས་ཉེ་བར་བསྟན་པ་གང་། ། ཚེམས་དཀར་བདུད་རྩིས་བྱུག་པ་ལྟ་བུར་གཅིག་ཏུ་དཀར་བའི་ལེགས་གསུང་ཚངས་དབྱངས་ཆོས་ཀྱི་མཛོད། ། ཉེས་བརྒྱའི་གདུང་བ་འཕྲོག་བྱེད་ལུང་རྟོགས་དམ་ཆོས་བདུད་རྩིས་བདག་ཅག་རྒུད་པ་ཀུན་ལས་སྲུངས། ། མང་ཐོས་ཆུ་གཏེར་གཏིང་མཐའ་ཡངས་པར་ཡོངས་འདྲིས་བློ་ཡི་དེད་དཔོན་འཇིགས་པ་མེད་པར་རྒྱུ། ། བསླབ་གསུམ་ཟླ་གཞོན་འཛུམ་པའི་ཐིག་པས་ཉེས་མང་སྲིད་པའི་གདུང་མཐའ་དག་དྲུང་ནས་ཕྱུངས།། རྟག་ཏུ་གཞན་ཕན་སྤྱོད་པའི་བརྟུལ་ཞུགས་མེས་པོའི་བློས་ཀྱང་འཇལ་བའི་དཀའ་ཐུབ་ཡོངས་བཏང་བ། ། ལྷ་མིའི་བསོད་ནམས་ཞིང་གི་དམ་པ་ཐེག་གསུམ་འཕགས་པའི་ཚོགས་ཀྱིས་ཤིས་པའི་སྒོ་བརྒྱ་ཕྱེ། ། །།
        ཨོཾ་བདེ་ལེགས་སུ་གྱུར་ཅིག ། དཔལ་ལྡན་ཚོགས་གཉིས་རིན་ཆེན་རྡུལ་མང་མཐོན་པོར་བརྩེགས་པའི་སྤོ་ལ་རབ་འཛེགས་ནས། ། ཟབ་དང་རྒྱ་ཆེ་ཆོས་ཀྱི་ལོངས་སྤྱོད་ཟག་མེད་བདེ་བ་མཆོག་གིས་རྣམ་རོལ་ཞིང་། ། མི་འཇིགས་རྣམ་བཞིའི་ལེགས་གསུངས་མཐོ་རིས་རྔ་ཆེན་འཇིག་རྟེན་གསུམ་དུ་རབ་སྒྲོགས་པ། ། ལྷ་མིའི་བླ་མ་ཤཱཀྱ་སེང་གེས་འགྲོ་འདི་དགེ་ལེགས་ཟད་མི་ཤེས་པས་སྐྱོང་གྱུར་ཅིག །
        ཨོཾ་བདེ་ལེགས་སུ་གྱུར་ཅིག ། བཀྲ་ཤིས་ཀུན་གྱི་བྱེད་པོ་དྲི་མེད་སེམས་ཀྱི་རིན་ཆེན་མངོན་སྦྱངས་རྣམ་འཕྲུལ་ཅིར་ཡང་སྣང་བའི་དག་པའི་གཟུགསཞ ། རྒྱལ་རྣམས་ཡེ་ཤེས་ཕུང་པོ་འཆར་ཁའི་ལང་ཚོ་གསར་བས་རབ་སྒེག་ས་གསུམ་བརྟན་པ་འཕྲོག་ལ་ཆས་གྱུར་པ། ། སྐལ་བཟང་སྐྱེ་བོའི་མིག་གི་དགའ་སྟོན་ཡིད་ལ་རྣམ་དཔྱོད་བདུད་རྩིའི་ཐིག་ཕྲེང་འགོད་པའི་རྩེ་དགས་རོལ་བ་ཅན། ། མཁྱེན་པའི་གཏེར་ཞེས་གྲགས་པའི་ལྷ་མཆོག་དེ་དང་དབྱེར་མེད་རྗེ་བཙུན་བླ་མའི་ཞབས་ལ་རྟག་ཏུ་ཕྱག་བགྱིད་དོ། ། གང་ཞིག་མཐོ་རིས་དཔལ་འབྱོར་བརྒྱ་ཡིས་རྣམ་པར་རྩེན་པ་དགའ་ལྡན་ལྷ་ཡུལ་ཡངས་པའི་གྲོང་གི་སྐྱེད་ཚལ་དུ། ། ཟབ་དང་རྒྱ་ཆེ་ཐེག་མཆོག་གཏམ་གྱི་བདུད་རྩིས་ལྷ་རྣམས་མི་མཉམ་སྐལ་པ་བཟང་པོར་རིང་ཞིག་བསྒྲུབས་པའི་མཐར། ། དམ་ཆོས་རྒྱལ་སྲིད་ཆེ་བའི་ཅོད་པན་གསེར་འོད་དྲི་མེད་འཕྲོ་དེ་རང་གི་སྲས་ཀྱི་ཐུ་བོར་རབ་བཅིངས་ནས། ། བརྩེ་བ་དམ་པའི་ཏོག་དཀར་མངོན་མཐོ་རྒྱལ་སྲས་གདུགས་བཟང་ས་འདིར་མངོན་པར་འཕོས་པ་དེ་ཡིས་དགེ་ལེགས་མཛོད། ། གང་ཞིག་སྐྱེ་རྒུའི་ཡིད་ཀྱི་ལྷ་ལམ་ལྟ་ངན་མུན་པའི་རུམ་དུ་ཞུགས་ལ་འཕྱ་བ་གསལ་བར་བྱེད་བཞིན་དུ། ། དལ་གྱིས་རྒོད་པའི་མཆེ་བ་རྣམ་དྲུག་ཆོས་དཀར་སྣང་བའི་འཛུམ་ཟེར་ཕྱོགས་རྣམས་གསལ་བའི་རྩེ་དགའ་རྒོད་པ་ཅན།། མཐོ་བརྟན་གངས་ཀྱི་རི་བོ་གཡོ་བའི་ལུས་ཅན་གསེར་གྱི་དྲ་བས་རབ་མཛེས་སྔོན་མེད་གཉིས་འཐུང་དབང་པོ་གང་། ། སྒྱུ་འཕྲུལ་ཆུ་གཏེར་དཔལ་མོའི་ལྷུམས་སུ་དལ་གྱིས་ཞུགས་པ་དེ་ཡིས་འགྲོ་བ་འདི་ལ་རྟག་ཏུ་དགེ་ལེགས་མཛོད། ། གང་ཞིག་ཀུན་བཟོད་མ་ཡང་དགེ་ལེགས་ཕུང་པོའི་མངལ་ཁུར་ལྕི་བས་རབ་ཏུ་འཁུན་པ་ལྟ་བུར་སྒྲ་འབྱིན་ཞིང་།། བཀྲ་ཤིས་མཚན་མ་བརྒྱ་ཡི་རིན་ཆེན་དོ་ཤལ་རིང་པོ་ཕྱོགས་ཀུན་འཛིན་པས་རྫོགས་ལྡན་དཔལ་མོ་སྐྱེངས་བྱེད་པ། ། ངོ་མཚར་ལྟས་ཀྱི་ཕོ་ཉས་བསུས་ཏེ་བལྟམས་མ་ཐག་ཏུ་འཇིག་རྟེན་དགེ་བའི་ཕུན་ཚོགས་དོན་ཀུན་ལྷུན་གྱིས་གྲུབ། ། ཚངས་དབང་གདེངས་ཅན་གཙོ་བོ་དག་གིས་དྲི་ཞིམ་བདུད་རྩིའི་ཁྲུས་ཀྱི་སྲི་ཞུ་གསོལ་བ་དེ་ཡིས་དགེ་ལེགས་མཛོད། ། གང་ཞིག་ཀུན་རྟོག་རི་མོའི་ལམ་དུ་མཚོན་མིན་གཙུག་ལག་འཕྲུལ་གྱི་སྒེག་མོའི་བཞིན་རས་རྒྱས་པའི་མཛེས་སྡུག་ལ། ། རིང་ནས་ཡོངས་འདྲིས་རྣམ་དཔྱོད་མིག་ཟུར་གཡོ་བའི་དཀྱུས་རིང་རང་ལ་སྟོན་པའི་བླ་མ་ཡིས་ཀྱང་གཞལ་མ་ནུས། ། སྣ་ཚོགས་ཚུལ་ལ་བྱང་བའི་སྒྱུ་རྩལ་དཔུང་བ་གཏུམ་པོའི་འཁྲུལ་འཁོར་དཔའ་བོ་གཞན་གྱིས་བལྟར་ཡང་མི་བཟོད་པ། ། དྲེགས་མྱོས་གླང་པོ་སྟོང་གི་སྤྱི་བོར་ངལ་གསོ་མི་ཡི་སེང་གེ་ཟླ་དང་བྲལ་བ་དེ་ཡིས་དགེ་ལེགས་མཛོད། ། གང་ཞིག་སྨིན་ལེགས་བཞིན་གྱི་པདྨ་ཡངས་པའི་ངོས་ལ་ཟུར་མིག་བུང་བ་རོལ་བའི་འཇོ་སྒེག་རྣམ་འཛིན་པའི།། མཛེས་སྡུག་དར་ལ་བབས་པའི་ལང་ཚོར་མཁའ་ཡང་ཆགས་པས་མྱོས་པས་རབ་དམར་མདངས་འོད་མངོན་པར་གསལ་གྱུར་པ། ། མཐོ་རིས་གཞོན་མའི་ཚོགས་ཀྱིས་བསྐོར་བའི་དབྱངས་ཅན་བུ་མོ་ཁབ་ཏུ་བསུས་པའི་དུས་སྟོན་གསར་བའི་བཀྲ་ཤིས་གླུ། ། མི་རྟག་རྒྱུད་དུ་ཁུགས་པའི་མངོན་འདོད་དབྱངས་ཀྱི་ངོ་རོས་སྙན་དབང་རབ་དགའ་རྒྱས་པ་དེ་ཡིས་དགེ་ལེགས་མཛོད། ། གང་ཞིག་རྒ་ནད་འཆི་བའི་འདུ་འགོད་ཅིར་ཡང་སྣང་བའི་སྲིད་པ་རྨི་ལམ་འཁྲུལ་བའི་གྲོང་གི་བཀོད་པ་དང་། ། དེ་རྒྱུ་ཡིད་མུན་སྟུག་པོའི་མལ་ནས་སད་པའི་ཆགས་བྲལ་བརྟུལ་ཞུགས་གཙང་མས་ལུས་མཛེས་ཞི་བའི་སྤྱོད་ཚུལ་ཅན། །གང་གི་མིག་དཀྱུས་རིང་པོའི་ལམ་ནས་ཡིད་ཀྱི་ཆུ་གཏེར་དྲི་མེད་ཉིད་དུ་ཞུགས་པའི་དགའ་སྟོན་མྱང་བའི་མོད། ། མུན་ཅན་ཁྱིམ་གྱི་ར་བ་ལས་འགོངས་ཞི་བའི་ནགས་སུ་སོང་བ་དེ་ཡིས་ཆོས་དོན་ཡང་དག་འབྱོར་བར་མཛོད། ། གང་ཞིག་སྲིད་པའི་རི་བོ་བསྙིལ་ལ་རིངས་པར་ཆས་པའི་སྙིང་སྟོབས་རྒྱ་མཚོ་སྤྲོ་བའི་གཏིང་མཐའ་ཡངས་པ་གང་། ། བཟོད་དཀའི་དཀའ་ཐུབ་རྟ་གདོང་འཁར་བའི་དྲོད་ཀྱིས་ནམ་ཡང་གདུང་བར་མ་གྱུར་བརྟན་པ་རྒྱས་པའི་ངང་ཚུལ་ལ། ། མཐའ་དག་འཇིག་རྟེན་འདི་དག་ལས་གཞན་བཏང་ནས་གཅིག་ཏུ་ཤིས་པ་བརྗོད་པའི་བརྟུལ་ཞུགས་ཡང་དག་བླངས་གྱུར་པ། ། བརྩོན་འགྲུས་སྟོབས་ཀྱིས་མཆོག་ཏུ་དགེ་བའི་དོན་ཀུན་ཡང་དག་གྲུབ་པའི་དཔའ་བོ་དེ་ཡིས་བདག་ལ་དགེ་ལེགས་མཛོད། ། གང་ཞིག་འཇིག་རྟེན་གསུམ་གྱི་བློ་ཡི་ར་བར་མ་ཆུད་འགྲོ་ཀུན་བདག་ཉིད་གཅིག་པུས་སྒྲོལ་བའི་སྙིང་སྟོབས་གཏེར། ། རིང་ནས་བཟུང་བའི་འབྲས་བུ་སྨིན་ལ་ཉེ་བར་བབས་ཚེ་ས་ཆེན་སྒྲར་བཅས་གཡོ་བའི་སྟབས་ཀྱིས་རབ་གཤེགས་ཏེ། ། ལྷ་དབང་གཞོན་ནུའི་ཚུལ་གྱིས་ཉེར་མཆོད་བཀྲ་ཤིས་རྩྭ་འཇམ་གཞོན་ནུའི་ཆུན་པོ་ཤིང་དབང་དྲུང་དུ་བཏིང་བའི་སྟེང་། ། དམ་བཅའ་ཇི་བཞིན་མི་ཕྱེད་རྡོ་རྗེའི་སྐྱིལ་དཀྲུང་ཉེ་བར་བཀོད་པ་དེ་ཡིས་ལེགས་ཚོགས་གེགས་མེད་སྨིན་པར་མཛོད། ། གང་ཞིག་འཁོར་ཡུག་བཅས་པའི་འཇིག་རྟེན་བརྟན་དང་གཡོ་བའི་དངོས་པོ་མ་ལུས་ཟ་བར་ཆས་པའི་དྲག་ཤུལ་ཅན། ། ཕྱོགས་རྣམས་མི་མཚོན་སྟུག་པོར་ཁེབས་པའི་མུན་ཅན་འདོད་པའི་བདག་པོ་དགའ་རབ་དབང་ཕྱུག་ཁྲོས་པའི་དཔུང་གི་ཚོགས། ། བྱམས་པའི་རུ་མཚོན་གཅིག་གི་རྩེ་མོར་བཅོམ་པའི་རྒྱལ་རྔ་འོག་མིན་བར་དུ་ཆུ་འཛིན་གླལ་བའི་དབྱངས་བཞིན་རྒོད།  །སྲིད་པ་གསུམ་ན་སྲིད་ལས་རྒྱས་བའི་དཔའ་བོ་གཅིག་པུ་ཆོས་ཀྱི་རྒྱལ་མཚན་མཐོན་པོར་བསྒྲེངས་དེས་དགེ་ལེགས་མཛོད། ། གང་ཞིག་ཡིད་ཀྱི་མཁའ་ལ་རིང་ནས་འགྲོགས་པའི་མུན་པ་ཆེན་པོ་ཡེ་ཤེས་སྣང་བས་རིམ་གྱིས་སྦྱངས་པའི་མཐར། ། ཚོགས་གཉིས་ཤར་གྱི་རི་བོའི་རྩེ་མོར་ལྷག་བསམ་རྟ་ལྗང་དབང་པོས་ཉེར་དྲངས་སྤངས་རྟོགས་འོད་བརྒྱ་འབར་བའི་མོད། ། མ་རིག་གཉིད་འཐུག་རབ་སངས་ཆོས་ཀུན་མངོན་བྱང་ཆུབ་པའ་སྤྱན་དཀྱུས་རིང་པོ་པདྨའི་འདབ་ལྟར་རྣམ་རྒྱས་པ། ། འཇིག་རྟེན་གསུམ་གྱི་ཉི་མ་གཅིག་པུ་ཆོས་ཀྱི་རྒྱལ་པོའི་གོ་འཕང་ཡང་དག་བརྙེས་པ་དེ་ཡིས་དགེ་ལེགས་མཛོད། ། གང་ཞིག་སྐྱེ་རྒུའི་ཁམས་དང་མོས་པ་སྣ་ཚོགས་ཡེ་ཤེས་མེ་ལོང་གཙང་མར་ཚོན་བརྒྱའི་རིས་ལྟར་ཆེས་གསལ་བས། ། ཇི་ལྟ་ཇི་སྙེད་རྣམ་པ་ཀུན་ལྡན་ཆོས་ཀྱི་སྒོ་མོ་མཐའ་ཀླས་ཟབ་ཡངས་དཔལ་གྱི་མགུར་ནས་ལེགས་འདོམས་པའི། ། དྲུག་ཅུའི་དབྱངས་ཀྱི་ང་རོས་འཇིག་རྟེན་མ་རིག་གཉིད་ལས་བདེ་བར་སློང་ཞིང་བདུད་དང་མུ་སྟེགས་སྐྲག་པར་མཛད། ། འགྲོ་འདིར་སུས་ཀྱང་སྨྲ་བར་མ་ནུས་རྨད་བྱུང་ཆོས་འཁོར་བསྐོར་བ་དེ་ཡིས་ཡེ་ཤེས་སྣང་བའི་དགེ་ལེགས་སྩོལ། ། གང་ཞིག་ཡང་དག་དོན་དུ་མཁའ་བཞིན་འགྱུར་མེད་ངེས་པ་ལྔ་ཡི་དཔལ་ཡོན་སྟུག་པོར་བཞུགས་པའི་རང་བཞིན་ལས། ། རྣམ་མང་འགྲོ་བའི་ཡིད་ཀྱི་མཚོ་ལ་གཟུགས་སྐུའི་ཟླ་བ་འབུམ་ཕྲག་འཆར་དང་ནུབ་པའི་རོལ་བ་སྣ་ཚོགས་པས། ། རྟག་འཛིན་དུག་ཅན་ལྟོ་འགྲོའི་དཀྱིལ་འཁོར་ཡིད་མུན་སྟུག་པོའི་ཁུང་བུར་ཉལ་བའི་ལུས་ཅན་རྣམས་ལ་མི་རྟག་པའི། ། བདུད་རྩིས་གདུང་བ་སེལ་ཕྱིར་ཐ་མའི་གཟིམས་ཁྲིར་ཞི་བར་མནལ་བ་སྟོན་མཛད་དེ་ཡིས་འཆི་མེད་གོ་འཕང་སྩོལ། ། དེ་ལྟར་འདྲེན་པ་མཆོག་གིས་ཞིང་འདི་རུ། ། རྨད་བྱུང་བཅུ་གཉིས་མཛད་པས་སྐྱེ་རྒུ་རྣམས། ། རང་ཉིད་གཤེགས་པའི་ལམ་བཟང་ལ་ཁྲིད་པའི། ། བརྩེ་བའི་ཟློས་གར་དམ་པ་འདི་ངོ་མཚར། ། ཚུལ་ངེས་ཤིས་པ་བརྗོད་པའི་རབ་བྱེད་འདི། ། མཆོག་གི་གཏམ་ལ་བློ་གྲོས་འདྲིས་པ་དང་། ། ཞི་བའི་དཔལ་དང་མཐུན་པའི་ལེགས་པའི་ཚོགས། ། འགྲུབ་པའི་རེ་བ་དོན་ཡོད་བྱ་ཕྱིར་རོ། ། དེ་སྐད་སྨྲ་བའི་ཚིག་གི་བྱེད་པ་པོ། ། རྣམ་མང་ཆོས་སྤྱན་པའི་མཁས་རྣམས་ཀྱི། ། ཞབས་པད་རིང་དུ་བརྟན་པའི་སྐལ་བཟང་ཅན། ། སྙན་དངགས་འབྱུང་ཁུངས་བློ་བཟང་བསྟན་རྒྱན་ཡིན། ། ཞེས་འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་ཤིས་པ་བརྗོད་པའི་སྙན་ཚིག་གི་རབ་བྱེད་འདི་ནི་ཡུལ་མདོ་སྨད་ཀྱི་སར་སྐྱེས་བའི་བཙུན་པ་གཙུག་ལག་སྨྲ་བ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྦྱར་བ་དུས་རྣམས་ཀུན་ཏུ་དགེ་ལེགས་འཕེལ་བར་གྱུར་ཅིག ། །།
       
ཨོཾ་བདེ་ལེགས་སུ་གྱུར་ཅིག ། གཅིག་ཏུ་གཞན་ཕན་ཁོ་ནར་རབ་གཞོལ་བས། ། བགྲང་ཡས་བསྐལ་བར་རླབས་ཆེན་ཚོགས་བསགས་ཏེ། ། དོན་གཉིས་མཐར་ཕྱིན་སྐུ་བཞིའི་དཔལ་བརྙེས་པ། ། ལྷ་མིའི་རྣམ་འདྲེན་མཆོག་གིས་ཤིས་པ་སྩོལ། ། དེ་ཡིས་སྐྱེ་རྒུ་སྒྲོལ་བའི་ཐབས་ཀྱི་ཚུལ། ། ཡང་དག་གཟིགས་ནས་ལེགས་བསྟན་པའི་ཆོས། ། ཞི་བ་གྱ་ནོམ་བདུད་རྩིའི་རབ་དང་ཕུལ། ། སྲིད་པའི་གདུང་སྐྱོབ་དེ་ཡིས་ཤིས་པ་སྩོལ། ། མཆོག་ཏུ་མི་བསླུ་བསླབ་གསུམ་ཕན་བདེའི་གཏེར། ། ཡོངས་སུ་འཛིན་ཕྱིར་སྲིད་ན་ཚོགས་ཀྱི་མཆོག ། ཆུང་ངུའི་ས་བོན་ལས་ཀྱང་རྒྱ་ཆེའི་འབྲས། ། རབ་སྟེར་བསོད་ནམས་ཞིང་དེས་ཤིས་པ་སྩོལ། ། ཐུབ་པའི་ཞལ་མཐོང་བདུད་རྩིའི་སྐལ་བ་མཆོག ། བླངས་པའི་མཐུ་ཆེན་ཚངས་དབང་འཇིག་རྟེན་སྐྱོང་། ། དགའ་བོ་ཉེ་དགའ་ལ་སོགས་བསྲུང་མ་རྣམས། ། མངོན་པར་དགའ་བས་རྟག་ཏུ་ཤིས་པར་མཛོད།། །།ཨོཾ་བདེ་ལེགས་སུ་གྱུར་ཅིག ། གང་ལ་བརྟེན་ན་ལེགས་ཚོགས་ཆུ་གཏེར་ཕྱོགས་ཀྱི་འཁོར་ལོ་རབ་འགེང་ཞིང་། ། མཐའ་དག་འཛིན་མའི་ཁྱོན་ཀུན་ཕུན་ཚོགས་སྣང་བ་དམ་པའི་གོས་དཀར་འཛིན། ། སྲིད་ཞིའི་བདེ་འབྱུང་རལ་པའི་རྩེ་མོར་རྟག་ཏུ་རོལ་བའི་རྩེ་དགའ་ཅན། ། རིན་ཆེན་མཆོག་གསུམ་འོད་དཀར་ཅན་གྱི་ས་བདག་ལ་དགེ་ལེགས་རྒྱ་ཆེན་སྩོལ།། །།ཨོཾ་བདེ་ལེགས་སུ་གྱུར་ཅིག ། དཔལ་ལྡན་བསོད་ནམས་བརྒྱ་ཡི་ཆུ་གཏེར་ལས། ། རབ་ཐོ་མཚན་དཔེའི་བང་རིམ་རྣམ་བཀྲ་བ། ། མཁྱེན་བརྩེའི་ཉི་ཟླའི་རྣ་ཆ་རྟག་འབར་བའི། ། ཐུབ་དབང་ལྷུན་པོ་དེ་ཡིས་དགེ་ལེགས་སྩོལ། ། སྲིད་པའི་ཚ་གདུང་འཕྲོག་བྱེད་བསིལ་བའི་དངོས། ། ཀུན་རྟོགས་ཟུག་རྔུ་ཉེར་ཞི་གྱ་ནོམ་པ། ། ཟག་མེད་ཡེ་ཤེས་སྣང་བ་མཆོག་གི་གཏེར། ། རིན་ཆེན་དམ་པའི་ཆོས་ཀྱིས་དགེ་ལེགས་སྩོལ། ། ཚུལ་ཁྲིམས་ཆུ་གཏེར་དྲི་མེད་འཁྱིལ་བ་ལ། ། ཏིང་འཛིན་མདངས་འོད་ཅི་ཡང་རྣམ་བཀྲ་ཞིང་། ། ཤེས་རབ་འདབ་བརྒྱའི་ཕྲེང་བ་རབ་བཞད་པའི། ། ཚོགས་མཆོག་དམ་པ་དེ་ཡིས་དགེ་ལེགས་སྩོལ། ། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མའི་གར། ། རྡོ་རྗེ་རྣོན་པོ་རོལ་བའི་འཇོ་སྒེག་ཅན། ། ཐུན་འཚམས་མཚན་དཔེའི་ལང་ཚོ་རབ་གཞོན་པ། ། མཁྱེན་པའི་གཏེར་གྱིས་བློ་གྲོས་མཆོག་སྩོལ་ཅིག ། བླ་མ་དང་ལྷག་པའི་ལྷ་དབྱེར་མ་མཆིས་པའི་ཞབས་ལ་ཕྱག་འཚལ་ལོ། ། དུས་རྣམས་ཀུན་ཏུ་རྗེས་སུ་བཟུང་དུ་གསོལ། ། རྒྱལ་བ་ཀུན་གྱི་ཡེ་ཤེས་གར། ། རྡོ་རྗེ་རྣོན་པོའི་རོལ་རྩེད་ཅན། ། མཚམས་སྤྲིན་ལང་ཚོ་རབ་གཞོན་པ། ། མཁྱེན་པའི་གཏེར་གྱིས་མཆོག་སྩོལ་ཅིག །
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]