ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> བསྟོད་ཚོགས། >> རྗེ་རིན་པོ་ཆེའི་བསྟོད་པ་དགེ་ལྡན་བསྟན་པའི་པད་ཚལ་རྒྱས་པར་བྱེད་པའི་ཉིན་བྱེད།

རྗེ་རིན་པོ་ཆེའི་བསྟོད་པ་དགེ་ལྡན་བསྟན་པའི་པད་ཚལ་རྒྱས་པར་བྱེད་པའི་ཉིན་བྱེད།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་ཀྱཱ་འཇམ་དབྱངས་རྒྱ་མཚོ།] [ཟླ་ཚེས། 11-11-06] [ཀློག་གྲངས། ]

     ༄༅། །ནོ་མོ་གུ་རུ་བཛྲ་ངྷ་ར་སུ་མ་ཏི་ཀིརྟི་ཡ།
གདོང་བཞི་པ་དང་སུམ་རྩེན་བདག་པོ་ལ་སོགས་དྲེགས་ལྡན་ལྷ་བརྒྱའི་ཚོགས་ཀྱི་གཙུག་གི་ཅོད་པཎ་དྲི་མ་མེད་པའི་ལྷ་ཡི་ནོར་བུ་དག་གིས་ཡོངས་སུ་བརྒྱན་པའི་མཆོག །
མཆོག་ཏུ་མཛེས་པ་དེ་ཡིས་གང་གི་ཞབས་ཀྱི་པདྨོ་སྔོན་ཚེ་གྲངས་མེད་བསྐལ་པར་རླབས་ཆེན་ཚོགས་གཉིས་དཔལ་ལས་བསྐྲུནཔའི་རབ་མཛེས་གསེར་གྱི་འཁོར་ལོས་སྤྲས་པ་གང་།།
གང་དེར་རྩེ་གཅིག་གུས་པ་ཆེན་པོས་ལན་བརྒྱའི་བར་དུ་བཏུད་ནས་དྲི་ཟའི་རྒྱུད་མང་སྐྱེངས་པར་བྱེད་པའི་གླུ་དབྱངས་དག་གིས་ཡོངས་སུ་བསྟོད་དེ་ལྷ་ཡི་མེ་ཏོག་མཆོག །
མཆོག་ཏུ་མཛེས་ཞིང་ཡལ་འདབ་རབ་ཏུ་རྒྱས་པའི་མནྡྷ་ར་བའི་ཚོགས་རྣམས་གཏོར་དང་ལྷན་ཅིག་གང་སྐུའི་དཀྱིལ་འཁོར་ཉི་མ་འབུམ་གྱི་གཟི་བྱིན་འཕྲོགས་པར་བྱེད་ཅིང་མཛེས། །
མཛེས་པ་དེ་ཡི་སྟེང་དུ་རྣམ་རྒྱལ་ཁང་བཟང་ལ་སོགས་ལྷ་ཡི་གཞལ་མེད་ཁང་དག་ཟིལ་གྱིས་གནོན་པའི་དྲི་མེད་ནོར་བུའི་ཚོགས་ཀྱིས་ཡོངས་སུ་བསྐྲུན་པའི་ཁང་བཟང་མཆོག། མཆོག་གྱུར་ཕུན་སུམ་ཚོགས་པའི་གཞལ་མེད་ཁང་བཟང་འོག་མིན་སྟུག་པོ་བཀོད་པ་ས་ལ་འཕོས་འདྲ་དེ་ཡི་དབུས་སུ་སྲུད་བུ་སོགས་སྐྲག་པར་བྱེད་ཅིང་རབ་ཏུ་མཛེས། །
མཛེས་པའི་མཆེ་སྡེར་རྣོན་པོས་ཀུན་གསལ་ཁྱོན་ཡང་འབིགས་པར་བྱེད་སྙམ་གད་རྒྱང་གཅིག་གིས་ཡིད་སྲུབ་བདག་པོ་སྡེ་དང་བཅས་པའི་ཀླད་པ་མ་ལུས་གཞོམ་བྱེད་རི་དྭགས་དབང་། །
དབང་པོ་ལ་སོགས་དྲེགས་ལྡན་ལྷ་ཡི་ཚོགས་ལ་ཕྲག་དོག་མིག་གིས་བལྟ་བར་བྱེད་པའི་གངས་རིའི་མདངས་ཕྲོགས་ཀླུ་ཡི་གྲངས་ལྡན་དག་གིས་ཡོངས་སུ་བཏེགས་པའི་རིན་ཆེན་ཁྲི།།
ཁྲི་ཕྲག་ནོར་བུའི་ཚོགས་ཀྱིས་ཡོངས་སུ་བསྐྲུན་པ་དེ་ཡིས་དགོས་འདོད་ཀུན་སྩོལ་ཀླུ་དབང་གཙུག་གི་ནོར་བུ་མཐའ་དག་སྐྱེངས་པར་བྱེད་ཅིང་འབུམ་ཕྲག་ཉི་མའི་འོད་ཟེར་དག །
དག་ཅིང་གསལ་ལ་རབ་ཏུ་མཛེས་པའི་ནོར་བུའི་ཕྲ་ཚོམ་གཅིག་གིས་ཀྱང་ནི་སྐད་ཅིག་གཅིག་ལ་མོག་མོག་པོར་བྱེད་དེ་ཡི་སྟེང་དུ་དྲི་མེད་ཡིད་འོང་པད་མ་མཆོག །
མཆོག་ཏུ་མཛེས་ཤིང་ཡལ་ག་དང་ནི་འདབ་མ་རབ་ཏུ་རྒྱས་པའི་ཟེ་འབྲུ་ལས་འོངས་ལེགས་པར་བཤད་པའི་ལྷ་ཡི་སྦྲང་རྩིའི་ཚོགས་ཀྱིས་སྐལ་བཟང་བུང་བ་གཞོན་ནུ་ཀུན། །
ཀུན་ནས་ཚིམས་པར་བྱེད་པ་དེ་ཡི་དབུས་ན་ཐུབ་བསྟན་གླིང་བཞིའི་ཁྱོན་ཀུན་གཅིག་ཆར་གསལ་བར་བྱེད་པའི་ཀུ་མུད་ད་དང་པདྨའི་གཉེན་གྱི་དཀྱིལ་འཁོར་དག་གི་གདན།།
གདན་ཁྲི་ཕུན་སུམ་ཚོགས་པ་གང་དེའི་སྟེང་ན་ཡིད་འཕྲོགས་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་མཛེས་ཤིང་ཡིད་དུ་འོང་བ་གང་གི་དབུས་ན་ཐུགས་རྗེའི་བདག་ཉིད་བླ་མ་ལྷ། །
ལྷ་ཡི་ལྷར་གྱུར་ཁམས་གསུམ་སྐྱེ་འགྲོ་ཡོངས་ཀྱི་འདྲེན་མཆོག་ཉི་མའི་གཉེན་སོགས་རྩ་རྒྱུད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཀུན་གྱི་ངོ་བོ་མཆོག །
མཆོག་ཏུ་དཀར་ལ་དམར་བའི་མདངས་ལྡན་པད་དཀར་གཞོན་ནུར་སྐྱེངས་པ་སྟེར་བྱེད་གངས་རིའི་དབང་པོར་ཉི་མ་འབུམ་གྱིས་འཁྱུད་འདྲའི་སྐུ་ཡི་དཀྱིལ་འཁོར་གང་ལས་འཕྲོས་པའི་འོད། །
འོད་ཟེར་ཟུར་ཙམ་གྱིས་ཀྱང་ཐུབ་བསྟན་པདྨའི་དགའ་ཚལ་མ་ལུས་གཅིག་ཆར་བཞད་པར་བྱེད་པ་གང་དེའི་མཛེས་པའི་ཞལ་ཁྱིམ་ངོས་ན་རབ་ཏུ་བཀྲ་བའི་དཀྱུས་རིང་སྤྱན།། སྤྱན་ཟུང་རྟ་ལྗང་དབང་པོའི་ཟུར་གྱིས་རིགས་དྲུག་འགྲོ་ལ་གཟིགས་མ་ཐག་ཏུ་སྡུག་བསྔལ་ཀུ་མུད་ད་ཀའི་ཚོགས་ཀུན་ཟུམ་པར་བྱས་ནས་དྲི་མེད་ཐར་བའི་ལམ་བཟང་མཆོག། མཆོག་ཏུ་གསལ་བར་བྱས་དབང་ལྷན་ཅིག་མར་གྱུར་རིགས་དྲུག་མགོན་མེད་དམུས་ལོང་མཐའ་དག་ལམ་བཟང་དེ་ལ་བཀོད་དེ་ལེགས་བཤད་ཐུར་མའི་སྨན་གྱིས་དུག་གསུམ་ལིང་ཏོག་ཀུན། །
ཀུན་ནས་བསལ་ཏེ་སྐད་ཅིག་ཉིད་ལ་ལྷར་བཅས་སྐྱེ་དགུ་ཡོངས་ཀྱི་གཙུག་རྒྱན་སྟོབས་བཅུ་མངའ་བའི་གོ་འཕང་མཆོག་ལ་བདེ་བླག་འགོད་མཛད་ཁམས་གསུམ་སྐྱེ་འགྲོ་ཡོངས་ཀྱི་མགོན། །
མགོན་པོ་མཚུངས་བྲལ་བློ་བཟང་རྒྱལ་བ་ཞེས་བྱའི་སྙན་པའི་རྔ་སྒྲས་ས་གསུམ་མ་ལུས་ཁྱབ་པ་དེ་ཡི་ཞབས་ཀྱི་པདྨོ་རྣམ་མཛེས་གུས་ལྡན་བདག་གི་སྤྱི་བོའི་རྒྱན། །
རྒྱན་གྱི་མཆོག་གྱུར་ངུར་སྨྲིག་མདངས་འཛིན་ཆོས་གོས་གསུམ་གྱི་ས་མཚན་དཔེའེ་དཀྱིལ་འཁོར་ཡོངས་སུ་བརྒྱན་ཞིང་སུ་ཝརྞ་ཡི་ལྷུན་པོའི་མདངས་ཕྲོགས་པཎ་ཞྭ་སྣེ་རིང་རབ་ཏུ་མཛེས། །
མཛེས་པ་གང་ཞིག་དབུ་ལ་གསོལ་བའི་མོད་ལ་གྲུབ་མཐའ་ངན་པའི་མི་གཙང་རོ་ལ་ཆགས་པའི་ལོག་སྨྲ་འབྱུང་བྱའི་ཚོགས་རྣམས་དུས་ཀུན་མུན་པའི་ཁུང་བུར་གནས་བཅས་བཞིན། །
བཞིན་གྱི་དཀྱིལ་འཁོར་བསྡུས་དང་ལྷན་ཅིག་ཡིད་ཀྱི་ཁྱེའུ་མྱ་ངན་མེ་ཡིས་གདུང་བ་དེའི་ཚེ་གང་གི་རབ་མཛེས་ཕྱག་གཉིས་ཆོས་འཁོར་ཕྱག་རྒྱས་ལྷ་ཡི་ཨུཏྤལ་མཆོག །
མཆོག་གྱུར་ཟུང་གི་ཡུ་བ་ཐུགས་ཀར་བཟུང་བའི་འདབ་མ་གཡས་གཡོན་སྙན་གྱི་ཐད་དུ་རྒྱས་པའི་སྟེང་ན་མ་རིག་མྱུ་གུ་རྩད་ནས་གཅོད་མཛད་ཤེས་རབ་རལ་གྲི་མཛེས། །
མཛེས་པ་དེ་ཡིས་ལོག་སྨྲའི་རི་དྭགས་ཚོགས་ཀྱི་ངན་རྟོག་འདམ་བུ་མ་ལུས་རྩད་ནས་བཅད་དེ་སྟོབས་བཅུའི་མངའ་བདག་ཉི་མའི་གཉེན་གྱི་ས་མཐའ་ཡས་གདུལ་བྱའི་ཉོན་མོངས་ཀུན། །
ཀུན་ནས་སྤོངས་ཕྱིར་ཆོས་ཀྱི་ཕུང་པོ་མཁའ་སྟོང་ཐིག་མཚོ་ནོར་གྱི་གྲངས་ལྡན་གསུང་རབ་མ་ལུས་པ་ཡི་སྙིང་པོ་མཐའ་དག་གཅིག་ཏུ་བསྡུས་པ་རྒྱལ་བ་ཀུན་གྱི་ཡུམ། །
ཡུམ་ཆེན་ཕ་རོལ་ཕྱིན་པའི་གླེགས་བམ་གཡོན་ཕྱོགས་སྙན་གྱི་བུ་གའི་ཐད་ན་མཛེས་པར་བཞུགས་པ་དེ་ཡི་དགོངས་དོན་མཐའ་དག་ལེགས་པར་བཤད་དེ་མཐའ་ཡས་གདུལ་བྱ་ཀུན། །
ཀུན་མཁྱེན་རྒྱལ་བའི་གོ་འཕང་མཆོག་ལ་འགོད་མཛད་ཞབས་གཉིས་རྡོ་རྗེ་དཀྱིལ་ཀྲུང་གིས་བཞུགས་རྗེ་བཙུན་བླ་མ་བློ་བཟང་གྲགས་པའི་དཔལ་དེ་གུས་ལྡན་བདག་གི་གཙུག་ན་རྒྱལ། །
རྒྱལ་བ་ཀུན་གྱི་མཁྱེན་བརྩེ་མ་ལུས་གཅིག་ཏུ་བསྡུས་པའི་འཇམ་དཔལ་དབྱངས་དེས་ཟུར་ཕུད་ལྔ་ལྡན་གཙུག་ཕུད་རིང་དུ་དོར་ཏེ་ངུར་སྨིག་གར་གྱིས་རྣམ་རོལ་འགྲོ་བའི་མགོན། །
མགོན་པོ་མཚུངས་བྲལ་བློ་བཟང་རྡོ་རྗེ་འཆང་དབང་ཁྱོད་ཉིད་ངོ་མཚར་རྨད་བྱུང་བཀོད་པ་ཞེས་བྱ་གྲངས་མེད་རྒྱལ་བའི་ཞིང་མཆོག་དག་གིས་ནམ་ཡང་བསྐྲུན་དུ་མེད་པའི་ཞིང་། །
ཞིང་མཆོག་གང་དེར་སྟོབས་བཅུའི་མངའ་བདག་སེངྒེ་ང་རོ་ཞེས་བྱར་གྱུར་ནས་རྣམ་མང་གདུལ་བྱར་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་ཚེ་གུས་ལྡན་བདག་ཀྱང་བསླུ་མེད་སྐྱབས། །
སྐྱབས་མཆོག་ཁྱོད་ཀྱི་གདུལ་བྱར་གྱུར་ཏེ་གསུང་གི་བདུད་རྩི་ཐོག་མར་མྱང་ནས་མཚན་དཔེས་སྤྲས་པའི་ཕྱག་གཡས་བདག་གི་མགོ་ལ་བཞག་ནས་བྱང་ཆུབ་མཆོག་ཏུ་ལུང་སྟོན་ཤོག །
                                                                  དེ་ལྟར་ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པར། ། 
                                                                  བསྟོད་ཚིག་དགེ་ལྡན་བསྟན་པའི་པད་ཚལ་རྒྱས་པར་བྱེད་པའི་ཉིན་བྱེད་འདི། ། 
                                                                  རིགས་པ་སྨྲ་བ་ཤ་སྱེན་ངྷ་ར་སུརྱའི་མིང་ཅན་ཁོ་བོ་ཡི། ། 
                                                                  བློ་གྲོས་གསེར་མངལ་ཅན་གྱིས་སྐད་ཅིག་ཉིད་ལ་ཡོངས་སུ་སྤྲུལ་པ་ཡིན། ། 
                                                                  འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་མཐུས། །
                                                                  ཚེ་རབས་ཀུན་ཏུ་བློ་བཟང་རྒྱལ་བ་ཡིས། ། 
                                                                  འབྲལ་མེད་བརྩེ་བ་ཆེན་པོས་རྗེས་བཟུང་སྟེ། ། 
                                                                  གསུང་གི་བདུད་རྩིས་བདག་ཡིད་ཚིམས་པར་ཤོག ། 
                                                                  ཁྱད་པར་ཚེ་འདིའི་མཐར་ཡང་བླ་མ་མཆོག ། 
                                                                  འཇམ་དཔལ་སྙིང་པོས་བུ་བུ་ཚུར་ཤོག་ཅེས། ། 
                                                                  སྙན་འཇེབས་གསུང་གིས་དངོས་སུ་དབུགས་ཕྱུང་སྟེ། ། 
                                                                  དགའ་ལྡན་གནས་སུ་མངོན་སུམ་འཁྲིད་པར་ཤོག །
                                                                  གཞན་ཡང་འདིས་མཚོན་རང་གཉན་མ་ལུས་པའི། ། 
                                                                  དགེ་ཚོགས་མཐའ་དག་གཅིག་ཏུ་བསྡོམས་པའི་མཐུས། ། 
                                                                  རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ། ། 
                                                                  ཞྭ་སེར་ཅོད་པཎ་འཆང་བའི་རིང་ལུགས་འདི། ། 
                                                                  མི་ཕམ་མགོན་པོས་ཆོས་འཁོར་མ་བསྐོར་བར། ། 
                                                                  ཡང་ཟླའི་ལང་ཚོ་བཞིན་དུ་རྒྱས་པ་དང་། ། 
                                                                  འཇིག་རྟེན་ཁམས་ཀུན་བདེ་ཞིང་སྐྱིད་པ་སོགས། ། 
                                                                  བཀྲ་ཤིས་དགེ་མཚན་རྒྱ་མཚོས་ཁྱབ་གྱུར་ཅིག ། 
                                                                                                                           ཅེས་ཁམས་གསུམ་འགྲོ་བའི་བླ་མ་༧ བློ་བཟང་རྡོ་རྗེ་འཆང་ཞེས་སྙན་པའི་བ་དན་དཀར་པོ་སྲིད་པ་གསུམ་ན་ཆེས་ཆེར་གཡོ་བ་དེ་ཉིད་ལ། སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་བསྟོད་པ། ། དགེ་ལྡན་བསྟན་པའི་པད་ཚལ་རྒྱས་པར་བྱེད་པའི་ཉིན་བྱེད་ཅེས་བྱ་བ་འདི་ནི། ༧ ཨ་ཀྱཱ་ཧུ་ཐོག་ཐུའི་སྐྱེ་བར་གྲགས་པའི་རིགས་པ་སྨྲ་བ་ཤ་སྱེན་ངྷ་ར་སུརྱའམ་མིང་གཞན་སྣང་མཛད་དགྱེས་བཞད་རྡོ་རྗེར་འབོད་པས་རང་ལོ་ཉེར་གཅིག་པ། བསྟོད་འགྲེལ་ལྟར་ན་ཕུར་བུ་ཞེས་པ་དབང་ཐང་བསྟུན་པ་ས་ཕོ་སྤྲེའུའི་ལོའི་ཧོར་ཟླ་དང་པོ་ཆོ་འཕྲུལ་ཟླ་བར་གྲགས་པའི་དཀར་ཕྱོགས་དགའ་བ་དང་པོ་པ་སངས་མོན་གྲུ་འཕྲད་པའི་ལང་ཚོ་སྦྱོར་བའི་ཉིན། ༧ སྐུ་འབུམ་དགའ་ལྡན་བྱམས་པ་གླིང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཚེས་ཀྱི་སྡེ་ཆེན་པོའི་ཨ་ཀྱཱ་བླ་བྲང་དགེ་ལྡན་ཆོས་འཕེལ་གླིང་གི་རང་ཉིད་ཀྱི་བྲང་ཁང་བློ་བཟང་རིགས་པའི་སྐྱེད་ཚལ་ནས་སུག་བྲིས་སུ་བགྱིས་པ་སརྦ་མངྒ་ལཾ། །།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]