ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> བསྟོད་ཚོགས། >> དཔལ་ལྡན་བླ་མ་དམ་པ་ལ་བསྟོད་པའི་ཚིགས་སུ་བཅད་པ་ཚངས་པའི་དབྱངས།

དཔལ་ལྡན་བླ་མ་དམ་པ་ལ་བསྟོད་པའི་ཚིགས་སུ་བཅད་པ་ཚངས་པའི་དབྱངས།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མཁས་གྲུབ་དགེ་ལེགས་དཔལ་བཟང་།] [ཟླ་ཚེས། 12-08-13] [ཀློག་གྲངས། ]

              ༄༅།།རྗེ་བཙུན་བླ་མ་འཇམ་པའི་དབྱངས་ཀྱི་ཞབས་ལ་ཕྱག་འཚལ་ལོ། ། དཔལ་ལྡན་ཡོན་ཏན་ཚོགས་ཀྱི་བྱེད་པོ་ཡིས། ། མི་འཇིགས་སེང་གེའི་ཁྲི་ལ་དབང་བསྐུར་བ། ། རྒྱལ་བ་གཉིས་པའི་རྒྱལ་ཚབ་ཆོས་ཀྱི་རྗེ། ། མི་ཕམ་བླ་མ་གཉིས་པ་རྒྱལ་གྱུར་ཅིག ། ཁྱོད་ནི་རྣམ་དཔྱོད་ལུས་མཛེས་ཤིང༌། ། དར་དིར་ལེགས་བཤད་མགྲིན་པ་དབྱངས། ། མ་ལུས་མཁས་པའི་ཡིད་འཕྲོག་པ། ། རིན་ཆེན་རིགས་པའི་དོ་ཤལ་འཕྱང༌། ། མཁས་པ་ཀུན་གྱི་ཟུར་ཕུད་ལ། ། བཀའ་ཡིས་རྩེ་དགའ་བགྱིས་པ་ཁྱོད། ། དཔལ་ལྡན་ཕྱོགས་རྣམས་ཐམས་ཅད་ལས། ། རྣམ་པར་རྒྱལ་བའི་རྒྱལ་མཚན་འཛིན། ། རིགས་པའི་ཉིན་བྱེད་ཁྱོད་དྲིན་ལས། ། གངས་ཅན་བློ་གསལ་བུང་བའི་ཚོགས།། མཐའ་དག་བསྟན་པའི་པད་ཚལ་དུ།། གསུང་རབ་སྦྲང་རྩིའི་དགའ་སྟོན་མྱོང༌། ། ད་ལྟ་ཐུབ་པའི་གཞུང་ལུགས་ལ། ། ལོག་པར་འཁུ་བ་རྣམས་ཀྱི་སྙིང༌། ། ཁྱོད་གསུང་རིགས་པའི་རི་བོ་ནི། ། ཤིན་ཏུ་ལྕི་བས་ཅི་ཡང་ནོན། ། བརྩོན་པ་དམ་པའི་དཔུང་གི་ཚོགས། ། ཡན་ལག་བཞི་དང་ལྡན་པ་ཁྱོད། ། ལེ་ལོའི་དགྲ་སྡེ་དྲུངས་ཕྱུངས་ནས། ། ཉམས་པ་མེད་པའི་གོ་འཕང་འཛིན། ། དེ་ཕྱིར་ཆོས་ཚུལ་ཆུ་བོའི་རྒྱུན། ། བྱེ་བ་ཕྲག་བརྒྱ་ཉིན་བཞིན་དུ། ། རྒྱུན་མི་འཆད་པར་འབབ་པ་ལས། ། ཁྱོད་ཐུགས་ཆུ་གཏེར་རྣམ་པར་འཕེལ། ། ཁྱོད་ནི་དམ་པའི་མགོན་གྱིས་བཟུང༌། ། རྒྱལ་བའི་ཐུགས་བཅུད་བདུད་རྩིའི་རྒྱུན། ། ཞལ་གྱི་བུམ་བཟང་ལས་འོངས་པ། ། དད་པའི་སྙིམ་པས་རྫོགས་པར་གསོལ། ། དེ་སླད་ཆོས་ཀུན་ཐུགས་སུ་ཆུད། ། རང་གཞན་གྲུབ་མཐའི་ཕ་རོལ་སོན། ། སྨྲ་མཁས་རི་དྭགས་ཚོགས་རྣམས་ཀྱི། ། དབུས་སུ་སེང་གེའི་སྒྲ་ཡང་བསྒྲགས། ། སྟོང་ཉིད་སྡེར་ཕྲེང་ཆེར་གཡོ་བ། ། རྟེན་འབྲེལ་ཟབ་མོའི་ང་རོ་ཡིས། ། དངོས་འཛིན་གླང་ཆེན་མྱོས་པ་དག ། སྙིང་ལ་འཆི་བའི་འཇིགས་པ་བྱིན། ། བདེན་གསུང་བདེན་པར་གསུང་བ་གང༌། ། དེ་ཡང་བཅད་བརྡར་བསྲེགས་པ་ཡི། ། གསེར་བཞིན་ཚད་མས་ལེགས་སྦྱངས་པའི། ། གསུང་ལ་སུ་ཞིག་གླགས་སློང་འགྱུར། ། དེ་ཕྱིར་རྟོག་གེ་རྣོ་ལྡན་པ། ། ལེགས་སྦྱངས་རྒོལ་བ་སྟོང་དག་ནི། ། ཁྱོད་དྲུང་ལྕེ་རྩེ་མགྲིན་པ་ན། ། སྙིང་དང་ལྷན་ཅིག་འདར་བ་བསྟེན། ། ལེགས་བཤད་འོད་དཀར་རབ་རྒྱས་ཤིང༌། ། ལྷག་བསམ་ཆ་ཤས་ཡོངས་རྫོགས་པ། ། གྱ་གྱུའི་རི་བོང་མཚན་མ་དང༌། ། བྲལ་བའི་ཟླ་བ་ཁྱོད་ཤར་ཚེ། ། ལོག་སྨྲ་འབྱུང་པོའི་བྱ་ཡི་ཚོགས། ། མཚན་མོ་རྒྱུ་བའང་མཚན་མོ་ནི། ། ལོང་བས་སྡུག་བསྔལ་ཐོབ་པ་དག ། མུན་པའི་ཁུང་བུ་སྐྱབས་སུ་འཛིན། ། ཁྱོད་ནི་དབྱངས་ཅན་མགྲིན་པར་བྱས། ། ལེགས་བཤད་བདུད་རྩི་ཞལ་ལ་ཆགས། ། ཕ་རོལ་རྒོལ་བ་མ་ལུས་ཀྱི། ། ཁ་ལ་སྨྲ་བཅད་རྒྱ་ཡང་བྱིན། ། མཁས་པ་གསེར་རིའི་ཕྲེང་བ་ནི། ། གཟི་བརྗིད་རབ་རྒྱས་ཉི་མ་ཡི། ། དྲུང་ན་མར་མེའི་རྩེ་མོ་དང༌། ། མཚུངས་པའི་གནས་ལ་ཁྱོད་ཀྱིས་བཀོད། ། རྟག་ཏུ་ལེགས་བཤད་ཚོགས་ཀྱིས་གང༌། ། དུལ་བའི་དཔལ་གྱིས་རྣམ་པར་བརྗིད། ། རིགས་པའི་སྣང་བ་བྱེ་བས་བརྒྱན། ། བསྟན་པ་འབའ་ཞིག་གཅེས་པར་དགོངས། ། དེ་ཕྱིར་ཕན་བདེའི་རྩ་ལག་མཆོག ། བློ་ལྡན་ཐར་ལམ་སྟོན་པའི་མིག ། འགྲོ་བའི་མཛའ་བཤེས་དམ་པའི་ཕུལ། ། ཁྱོད་ལྟའི་མགོན་བཅས་སྐལ་བ་བཟང༌། ། བག་ཡོད་ཆ་ལོན་བརྟན་པོ་ཡིས། ། ཉེས་པའི་ཆུ་ཀླུང་རྒྱུན་བཅད་ནས། ། བརྟུལ་ཞུགས་རྫོགས་པའི་དྲང་སྲོང་མཆོག ། ཀུན་གྱི་རལ་བའི་ཅོད་པན་འཛིན། ། རང་གི་དོན་དུ་འཆི་མེད་ཀྱི། ། བདེ་བའང་རྩྭ་ལྟར་དགོངས་པ་ཁྱོད། ། ཐུགས་རྗེ་ཁོ་ནས་གཞན་དོན་ཕྱིར། ། དཀའ་བ་བརྒྱ་ཕྲག་དག་གིས་དགྱེས། ། རི་རབ་ལྟ་བུར་བརྟན་པའི་ཐུགས། ། བྱམས་པའི་རླུང་ཤུགས་ཀྱིས་བསྐྱོད་པས། ། ཤིང་བལ་བཞིན་དུ་སྲིད་པ་འདིར། ། འགྲོ་བའི་དོན་དུ་གཡོ་བ་ལགས། ། རིམ་གཉིས་ནོར་བུའི་ཅོད་པན་གྱིས། ། བསླབ་གསུམ་གདེངས་ཀ་རབ་ཏུ་མཛེས། ། ཟབ་ཡངས་རྒྱུད་སྡེའི་རྒྱ་མཚོ་ལ། ། དབང་བསྒྱུར་གདེངས་ཅན་དབང་པོ་ཁྱོད། ། ཏིང་འཛིན་མཆོག་གི་བདེ་བ་ལ། ། འདོད་དགུར་སྤྱོད་པའི་མཐུ་ལྡན་ཡང༌། ། འགྲོ་བའི་མུན་སེལ་ངལ་བ་ལ། ། ལྷག་པར་གཞོལ་འདི་རྨད་དུ་བྱུང༌། ། མདོར་ན་ཡབ་རྗེ་དམ་པའི་བཀའ། ། རྒྱལ་བའི་རིང་ལུགས་ཡོངས་རྫོགས་པ། ། ཉམས་པ་མེད་པའི་བཀའ་དྲིན་མཛད། ། ཕན་མཛད་ཁྱོད་ལ་ཕྱག་འཚལ་ལོ། ། སྐྱེ་བོ་ཡོན་ཏན་མེད་ལ་ཡང༌། ། ཡོན་ཏན་ལྷག་པར་སྒྲོ་བཏགས་ནས། ། གཅམ་བུ་ཁོ་ནའི་ངག་གིས་ནི། ། མགུ་བ་ལྷུར་ལེན་ཚིག་ཏུ་སྨྲ། ། ཁྱོད་ཀྱི་ཡོན་ཏན་ཆུ་གཏེར་ལས། ། སྐྲ་རྩེས་བཟུང་བའི་ཐིགས་པ་ལྟར། ། བསྔགས་པའི་འདབ་བརྒྱ་དགོད་པ་འདི། ། ཚད་མའི་ཉིན་བྱེད་འོད་ཀྱིས་ཕྱེ། ། དེ་ལྟར་དགེ་བའི་བཤེས་ཀྱི་ཡོན་ཏན་གྱི། ། མེ་ཏོག་ཕྲེང་མཛེས་ཅུང་ཟད་སྤེལ་བ་ལས། ། ཐོབ་པའི་དགེ་བས་འགྲོ་མ་ལུས་པ། ། ཐེག་པ་མཆོག་གི་མགོན་དང་ལྡན་གྱུང་ཅིག ། རབ་བྱེད་འདི་ཡང་གངས་རིའི་ཁྲོད་འདི་ན། ། སྙན་དངགས་དབང་པོ་ཀུན་གྱི་མགོ་བོ་ལ། ། ཚིག་གི་གོམ་པ་འགོད་མཁས་དགེ་ལེགས་དཔལ། ། བཟང་པོས་ཚིག་གི་སྦྱོར་བ་སྤངས་ཏེ་སྨྲས། །
                  དཔལ་ལྡན་མཁས་པ་མ་ལུས་པའི་ཅོད་པན་འཛིན་པའི་ཞབས་ཀྱི་པདྨོས་ས་ཆེན་པོ་ལ་དབུགས་འབྱིན་པར་མཛད་པ་དེ་ཉིད་ལ་ཡོན་ཏན་རབ་ཏུ་བསྔགས་པའི་ཚིགས་སུ་བཅད་པ་ཚངས་པའི་དབྱངས་ཞེས་བྱ་བ་འདི་ནི། མགོན་པོ་དེའི་བཀའ་དྲིན་གྱིས་ཉེ་བར་འཚོ་བ། སྡེ་སྣོད་རིན་པོ་ཆེའི་ནོར་གྱིས་བློ་གྲོས་ཀྱི་བང་མཛོད་རབ་ཏུ་ཁེངས་པ་འཛིན་པ་དུ་མས། ཚིག་གི་སྦྱོར་བའི་འཆིང་བ་དང་མི་ལྡན་པའི་གོ་བདེ་བར་རྗོད་ཅིག་ཅེས་ཉེ་བར་བསྐུལ་ནས་གསོལ་བ་འདེབས་པའི་རྐྱེན་གྱིས་མཚམས་སྦྱར་བའི་བྱེད་པ་ལས། རིགས་པའི་གནས་ཀྱི་འབྱོར་བ་དམ་པའི་དཔལ་ལ་འདོད་དགུར་སྤྱོད་པའི་སྐལ་བ་མཆོག་དང་ལྡན་པའི་བཙུན་པ་དགེ་ལེགས་ཀྱིས་སྤྲོ་བ་ལྷུར་ལེན་པའི་མགྲིན་པ་ཅུང་ཟད་གཟེངས་བསྟོད་དེ་སྨྲས་པའོ། ། ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]