ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> བསླབ་བྱ། >> རྗེ་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱི་ཞལ་གདམས་ཅུང་ཟད་བཀྲོལ་བ་ཕན་བདེའི་གསོས་སྨན་བདུད་རྩིའི་བུམ་བཟང་བཞུགས།

རྗེ་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱི་ཞལ་གདམས་ཅུང་ཟད་བཀྲོལ་བ་ཕན་བདེའི་གསོས་སྨན་བདུད་རྩིའི་བུམ་བཟང་བཞུགས།

[རྩོམ་གྱི་ཡོང་ཁུངས། ཙོང་ཆུའི་དྲ་བ།] [རྩོམ་པ་པོ། ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན།] [ཟླ་ཚེས། 11-10-28] [ཀློག་གྲངས། ]

                                                                             ༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག ། 
                                                                               ཆོས་ཚུལ་ཀུན་ལ་སྒྲིབ་མེད་སྤྱན་མངའ་བ། ། 
                                                                               རྟག་ཏུ་སྙིང་རྗེས་གཞན་དབང་གྱུར་པའི་མཐུས། །
                                                                               ཐར་བའི་ལམ་བཟང་འགྲོ་ལ་ལེགས་འདོམས་པ། ། 
                                                                               རྒྱལ་བ་གཉིས་པའི་ཞབས་ལ་ཕྱག་འཚལ་ལོ། །
           འདིར་རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་ཞེས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྔགས་པའི་མེ་ཏོག་གིས་ཉིན་རེ་བཞིན་དུ་མངོན་པར་མཆོད་པ་དེ་ཉིད་ཀྱིས་སྐལ་ལྡན་གྱི་སྐྱེ་བོ་དག་ལ་སྙིང་རྗེ་ཆེན་པོས་ཉེ་བར་དགོངས་ཏེ་ལེགས་པར་གདམས་པ་འགའ་ཞིག་གི་དོན་ཅུང་ཟད་བརྗོད་པར་བྱ་སྟེ། འདི་ལྟར་རང་ཅག་དུས་སྙིགས་མའི་འགྲོ་བ་རྣམས་ཡིད་ལ་བདེ་བ་ཁོ་ན་འདོད་ཀྱང་སྒོ་གསུམ་གྱི་སྤྱོད་པ་ཚེ་འདི་དང་ཕྱི་མར་སྡུག་བསྔལ་སྣ་ཚོགས་མྱོང་བའི་ཐབས་འབའ་ཞིག་སྒྲུབ་པ་ལ་རྟག་ཏུ་བརྩོན་པར་བྱེད་དེ། དེ་ལྟར་བྱེད་པའི་རྒྱུ་མཚན་ནི་འགྲོ་བ་རྣམས་རང་ངོས་ནས་བླང་དོར་དཔྱོད་པའི་བློ་གྲོས་ཀྱི་མཐུ་ཤིན་ཏུ་ཆུང་ཞིང་། དེ་ལ་སྐྱེས་བུ་དམ་པ་གང་དག་ལས་འདི་དང་འདི་བྱས་ན་ཚེ་འདི་དང་ཕྱི་མར་སྡུག་བསྔལ་འདི་འདྲ་འབྱུང་བས་འདི་ནི་དོར་བར་བྱ་བ་ཡིན་ནོ། ། ལས་འདི་དང་འདི་བྱས་ན་ཚེ་འདི་དང་ཕྱི་མར་བདེ་ལེགས་འདི་འདྲ་འབྱུང་བས་འདི་ནི་བླང་བར་བྱ་བ་ཡིན་ནོ་ཞེས་བླང་དོར་ཕྱིན་ཅི་མ་ལོག་པར་འདོམས་པའི་དགེ་བའི་བཤེས་གཉེན་ཆེས་དཀོན་ལ། གལ་ཏེ་ཡོང་ཀྱང་དེའི་གདམས་པ་ཉམས་སུ་ལེན་པ་ཆེས་ཤིན་ཏུ་དཀོན་པའི་ཕྱིར་རོ། ། དེ་ལྟར་ཡང་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོས། ལ་སྟོད་དཔོན་པོ་ནམ་མཁའ་དཔལ་ལ་གདམས་པའི་སྤྲིང་ཡིག་ལས། ཀྱེ་མ་འགྲོ་འདི་བློ་གྲོས་ཉམས་ཆུང་ཞིང་། ། ཚུལ་བཞིན་འདོམས་པའི་དམ་པའི་མགོན་མེད་པས། ། རྒུད་པའི་སྒོ་ལ་འབད་པ་དྲག་པོ་ཡིས། ། རྒྱུན་མི་འཆད་པར་རབ་ཏུ་འཇུག་པར་བྱེད། ། ཅེས་གསུངས་སོ། ། དེའི་ཕྱིར་ད་ལྟ་རང་ཅག་བྱིས་པ་རྣམས་ཚེ་འདིའི་རྙེད་པ་བཀུར་སྟི་གྲགས་པ་སྒྲུབ་པ་དང་། དགྲ་འདུལ་གཉེན་སྐྱོང་གི་བྱ་བ་ལ་དུས་རྟག་ཏུ་བརྩོན་པའི་སྤྱོད་ཚུལ་འདི་དང་ཆེས་མི་མཐུན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་འཇིག་རྟེན་མཐུན་འཇུག་གི་བྱ་བ་རྦད་ཀྱིས་བཅད་ནས་སྡེ་སྣོད་རིན་པོ་ཆེ་གསུམ་ལ་མང་དུ་ཐོས་ཤིང་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་གྱི་ཉམས་ལེན་ལ་རྟག་ཏུ་ལྷག་པར་གཞོལ་བའི་སྤྱོད་ཚུལ་ངོ་མཚར་བ་དེ་ཐོས་ཀྱང་། སེམས་ལ་དགའ་བ་སྐྱེ་བར་མི་འགྱུར་ཏེ། དཔེར་ན་མེ་ཏོག་པདྨའི་ཚལ་གསར་དུ་རྒྱས་པའི་རི་རྩེ་ཡིད་དུ་འོང་བ་ལ་ར་ལུག་དང་བོང་བུ་དག་དགའ་བར་མི་འགྱུར་བ་བཞིན་ནོ། ། རྗེ་ཐམས་ཅད་མཁྱེན་པས། དེ་སླད་བྱིས་པའི་སྤྱོད་ལས་རིང་སོང་བའི། ། དམ་པའི་ཚུལ་ལུགས་ཐོས་པར་གྱུར་པ་ན། ། དེ་ཡིས་རངས་པ་ཐོབ་པར་མི་འགྱུར་ཏེ། ། པདྨས་བརྒྱན་པའི་རི་རྩེར་ལུག་བོང་བཞིན། ། ཞེས་གསུངས་སོ། ། བདག་ཅག་སྤྱིར་ནི་སྔོན་དགེ་བའི་བསགས་རྒྱབ་ཤིན་ཏུ་ཆུང་ཞིང་། ཉེས་སྤྱོད་འབྱུང་བའི་སྒོ་དག་ལ་ཡིད་རྟག་ཏུ་ཕྱོགས་པས་བག་ཆགས་ངན་མཐུ་ཆེ། དེའི་ཕྱིར་བདེ་ལེགས་ཐམས་ཅད་ཀྱི་སྒོ་གཅིག་པུ་ཐུབ་པའི་བསྟན་པ་དང་སྔར་ཡང་ཡང་མཇལ་བ་མ་ཡིན་པར། ད་རེས་ཁོ་ན་མཇལ་བ་ཡིན་ཏེ། རྗེ་ཐམས་ཅད་མཁྱེན་པས། བདག་ཅག་ལེགས་པར་སྤྱད་པའི་བསགས་པ་དམན། ། ཉེས་སྤྱོད་སྒོ་ལ་རྒྱུན་མི་ཆད་དུ་ཕྱོགས། ། དེ་ཕྱིར་བདེ་ལེགས་སྒོར་གྱུར་ཐུབ་བསྟན་དང་། ། མཇལ་བའི་གོ་སྐབས་རྙེད་པ་ད་རེས་ཙམ། ། ཞེས་གསུངས་སོ། ། ཤིན་ཏུ་རྙེད་དཀའ་བ་ཆོས་ལྡན་གྱི་རྟེན་བཟང་པོ་འདི་རྙེད་ཅིང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་མཇལ་བ་དེང་གི་དུས་འདིར། འཇིག་རྟེན་གྱི་བྱ་བ་སྙིང་པོ་མེད་པ་སྦུན་པ་འཕྱར་པ་དང་འདྲ་བ་འདི་ཡོངས་སུ་བཏང་བར་བྱ་སྟེ། དེ་མ་བཏང་ན་བྱ་བ་དེ་དག་གིས་གཡེངས་ནས་ལོ་ཟླ་ཞག་རྣམས་མ་ཚོར་བཞིན་དུ་འདས་ནས་ཆོས་མི་སྒྲུབ་ཅིང་སྔར་བསགས་ཀྱི་སྡིག་ལྟུང་མི་འཆགས་པའི་སྟེང་དུ་སྡིག་ལྟུང་དཔག་ཏུ་མེད་པ་གསར་དུ་གསོག་པས་ན་ལུས་སྲོག་འདི་བཏང་ནས་ངན་སོང་དུ་སྐྱེ་བར་འགྱུར་ལ། དེ་ནས་ཀྱང་ངན་འགྲོ་གཞན་བརྒྱུད་ནས་བསྐལ་པ་མང་པོའི་བར་དུ་སྡུག་བསྔལ་མི་བཟང་པ་མྱོང་བར་འགྱུར་པས་ཚུལ་དེ་སུ་ཞིག་གིས་བཟོད་པར་ནུས་ཏེ་མི་ནུས་སོ། ། རྗེ་ཐམས་ཅད་མཁྱེན་པས། དེང་དུས་འདི་ན་སྦུན་པ་འཕྱར་བ་བཞིན། ། སྙིང་པོ་མེད་པའི་བྱ་བ་མ་བཏང་ན། ། ལུས་སྲོག་ཡལ་ནས་བསྐལ་མང་ངན་འགྲོའི་གནས། ། བརྒྱུད་པའི་སྡུག་བསྔལ་སུ་ཡིས་བརྣག་པར་ནུས། ། ཞེས་གསུངས་སོ། ། དེ་ལྟ་བུའི་སྡུག་བསྔལ་འགོག་ཅིང་བདེ་ལེགས་ཐམས་ཅད་འབྱུང་བའི་སྒོ་གཅིག་པུ་ནི་ཐུབ་པས་བཅས་པ་མཛད་པའི་ཚུལ་ཁྲིམས་ཉིད་ཡིན་ཡང་། བློ་གྲོས་རྨོངས་པ་བདག་ཅག་ནི་དེ་ལ་དགྲ་བཞིན་དུ་བལྟ་བར་བྱེད་དེ། དཔེར་ན་གདོན་གྱིས་ཟིན་པའི་སྨྱོན་པ་དག་རང་ལ་ཆེར་བརྩེ་བའི་མཛའ་བཤེས་ཀྱི་སྲོག་ལ་རྒོལ་བར་བྱེད་པ་བཞིན་ནོ། ། རྗེས་ཐམས་ཅད་མཁྱེན་པས། གདོན་གྱིས་ཟིན་རྣམས་རང་ལ་ཆེས་བརྩེ་བའི། ། བཤེས་ཀྱི་སྲོག་ལ་རྒོལ་བར་བྱེད་པ་ལྟར། ། རྨོངས་པར་གྱུར་རྣམས་རང་གི་བདེ་ལེགས་སྒོ། ། ཐུབ་པས་བཅས་པའི་མཚམས་ལ་དགྲ་བཞིན་བལྟ། ཞེས་གསུངས་སོ། ། གལ་ཏེ་སྐྱེ་བོ་གང་ཞིག་རྗེ་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱིས་རང་ཅག་ལ་ཕན་པར་དགོངས་ཏེ་བཀའ་སྩལ་པའི་རྗེས་སུ་སློབ་ན། དལ་འབྱོར་གྱི་རྟེན་འདི་རྙེད་དཀའ་བ་དང་། ། དོན་ཆེ་བ་དང་། དེ་ཡང་མྱུར་དུ་འཇིག་སླ་བ་དང་ཞིག་པའི་རྗེས་སུ་ལུས་ལོངས་སྤྱོད་འཁོར་གྲགས་པ་སོགས་གང་ཡང་རྗེས་སུ་མི་འབྲང་ལ། དཀར་ནག་གི་ལས་འབྲས་ཤིན་ཏུ་ཕྲ་བ་དག་འབྲས་བུ་ངེས་པར་འབྱིན་པའི་ཚུལ་ལ་རྟག་ཏུ་སེམས་པ་གལ་ཆེ་སྟེ། རྗེ་ཐམས་ཅད་མཁྱེན་པས། ཁྱོད་ནི་བདག་གིས་སྨྲས་པའི་རྗེས་སློབ་ན། ། དལ་བ་ཤིན་ཏུ་རྙེད་དཀའ་དོན་ཆེ་དང་། ། དེ་ཡང་ཆུ་བུར་བཞིན་དུ་མྱུར་འཇིག་ཅིང་། ། དེ་ནས་གཞན་གང་རྗེས་སུ་མི་འབྲང་ལ། ། དཀར་ནག་ལས་འབྲས་ཕྲ་བའང་མི་བསླུ་བའི། ། རྟེན་ཅིང་འབྲེལ་བར་འབྱུང་འདི་རིང་དུ་སོམས། ། ཞེས་གསུངས་སོ། ། དེ་ལྟར་དལ་འབྱོར་རྙེད་དཀའ་བ་དང་། དོན་ཆེ་བ་དང་། འཆི་བ་མི་རྟག་པ་དང་། ལས་འབྲས་སེམས་པ་སྟེ། དེ་བཞི་ལ་མ་འབད་ན་ཉེས་དམིགས་ཅི་ཡོད་ཅེ་ན། དགེ་བའི་ཆོས་བཞི་པོ་དེས་རང་ཉིད་ཀྱི་འཕྲལ་ཕུགས་ཀྱི་ཕན་བདེའི་རྩ་བ་བརྟན་པོ་ཚུགས་པར་འགྱུར་པ་ཡིན་གྱི། བཞི་པོ་དེ་ཉིད་ཀྱིས་ཕན་བདེའི་རྩ་བ་མ་བཟུང་བར་སྐྱེ་བོ་གང་དག་གཞུང་ལུགས་མང་དུ་ཐོས་པའི་མཁས་པར་རློམ་པ་དང་། དབེན་པའི་རི་སུལ་སོགས་སུ་ཡུན་རིང་པོར་ཏིང་ངེ་འཛིན་སྒོམ་པ་ལྷུར་བླངས་ཏེ། བདག་ཅག་ནི་མི་ཚེ་རིལ་པོ་ཐོས་བསམ་སྒོམ་གསུམ་ལ་འབད་པས་གཏན་གྱི་འདུན་མ་ཅིའི་ཕྱིར་མི་འགྲུབ་ཅེས་ཡུས་ཆེ་བར་གནས་པ་དེ་དག་ནི། དཔེར་ན་རྒྱ་མཚོ་ཆེན་པོར་དཀའ་བ་སྤྱད་དེ་གསེར་གླིང་དུ་སོང་ཞིང་། མཆིང་བུའི་རྡོ་ལ་ནོར་བུར་འཁྲུལ་ནས་རྡོ་བ་མང་པོའི་ཁུར་ཐོགས་ཏེ་རང་ཡུལ་དུ་ལོག་པ་དང་འདྲ་སྟེ། རྗེ་ཐམས་ཅད་མཁྱེན་པས། དེ་ཡིས་ཕན་བདེའི་རྩ་བའང་མ་བཟུང་བའི། ། མཁས་པར་རློམ་དང་ཡུན་རིང་བསམ་གཏན་ལ། ། སྦྱངས་པའི་ཡུས་ཀྱིས་བརྣངས་པ་དེ་དག་ཀུན། ། ནོར་བུར་འཁྲུལ་ནས་འཆིང་བུའི་ཁུར་ཐོགས་པའི། ། གསེར་གླིང་ཕྱིན་པའི་ཚོང་པ་སླར་ལོག་ནས། ། རང་གི་ཡུལ་དུ་འགྲོ་བཞིན་རིག་པར་མཛོད། ། ཅེས་གསུངས་སོ། ། དགེ་བའི་ཆོས་བཞི་པོ་དེ་ལ་འབད་ན་ཕན་ཡོན་ཅི་ཡོད་ཅེ་ན། འདི་ལྟར་དལ་འབྱོར་གྱི་རྟེན་རྙེད་དཀའ་བར་རིག་ན། ཕྱིས་ནས་རྟེན་འདི་འདྲ་རྙེད་པ་ཞིག་ཅིས་ཀྱང་བྱེད་དགོས་སྙམ་ནས་སྙོམས་ལས་ཀྱི་ངང་ལ་སྡོད་ཐབས་མེད་པ་ཞིག་འོང་ཞིང་། ད་རེས་རྙེད་པའི་རྟེན་འདི་མཐོ་རིས་དང་ཐར་བའི་གོ་འཕང་སྒྲུབ་པའི་དོན་ཆེན་པོ་དང་ལྡན་པར་མཐོང་ན་དོན་མེད་དུ་ཉིན་མཚན་འདའ་བ་ལ་ཤིན་ཏུ་འཕངས་ནས་དོན་ཆེན་སྒྲུབ་པ་ལ་བརྩོན་པར་འགྱུར་ལ། ཚེ་འདིར་རིང་དུ་མི་གནས་པ་ངེས་པར་འཆི་དགོས་པའི་ཚུལ་བསམས་ན་དཔེར་ན་ཡུལ་གཞན་དུ་འགྲོ་བར་ངེས་ཚེ་སྔར་གྱི་གནས་སུ་སྡོང་རྩིས་ཡེ་མེད་པར་འགྲོ་གྲབས་ཁོ་ན་བྱེད་པ་དང་འདྲ་བར་འཇིག་རྟེན་ཕྱི་མར་ཕན་ངེས་ཀྱི་ཆོས་རྣམ་དག་སྒྲུབ་པ་ལ་གཞོལ་བར་འགྱུར་ཞིང་། ལས་དཀར་ནག་གི་འབྲས་བུ་ཤིན་ཏུ་ཕྲ་བ་དག་གིས་ཀྱང་རང་རང་གི་འབྲས་བུ་བདེ་སྡུག་སོ་སོར་མི་བསླུ་བར་ངེས་པར་འབྱིན་པའི་ཚུལ་བསམས་ན་སྒོ་གསུམ་བག་མེད་པའི་གནས་ཤིན་ཏུ་མང་པོ་ལ་ཉིན་རེ་བཞིན་དུ་འཇུག་པ་ལས་ལོག་ནས་རྟག་ཏུ་བག་ཡོད་ལ་གནས་པར་འགྱུར་བའི་ཕན་ཡོན་རྒྱ་ཆེན་པོ་དེ་ལྟ་བུ་ཡོད་དོ། རྗེ་ཐམས་ཅད་མཁྱེན་པས། རྙེད་དཀའ་རིག་ན་གྱི་ནར་སྡོད་ཐབས་མེད། ། དོན་ཆེན་མཐོང་ན་དོན་མེད་འདའ་བ་འཕངས། ། འཆི་བ་བསམས་ན་ཕྱི་མར་འགྲོ་གྲབས་བྱེད། ། ལས་འབྲས་བསམས་ན་བག་མེད་གནས་ལས་ལྡོག ། ཅེས་གསུངས་སོ། ། དེ་ལྟར་དལ་འབྱོར་རྙེད་དཀའ་བ་དང་། དོན་ཆེ་བ་དང་། རིང་དུ་མི་གནས་པ་དང་། ལས་འབྲས་མི་བསླུ་བའི་ཚུལ་སེམས་པ་སྟེ། དཀར་ཆོས་དེ་བཞིའི་རྩ་བ་བརྟན་པར་གྱུར་ན། ངེས་འབྱུང་གི་བསམ་པ། བྱང་ཆུབ་ཀྱི་སེམས། སྟོང་ཉིད་རྟོགས་པའི་ལྟ་བ་ལ་སོགས་པའི་དགེ་བའི་ཆོས་ཟབ་ཅིང་རྒྱ་ཆེ་བ་གཞན་དག་དེ་ཙམ་གྱི་དཀའ་ཚེགས་མི་དགོས་པར་བདེ་བླག་ཉིད་དུ་རྒྱུད་ལ་སྐྱེ་བར་འགྱུར་ཏེ། རྗེ་ཐམས་ཅད་མཁྱེན་པས། དེ་ལྟར་དེ་བཞིའི་རྩ་བ་བརྟན་གྱུར་ན། ། དགེ་ཆོས་ལྷག་མ་བདེ་བླག་ཉིད་དུ་སྐྱེ། ཞེས་གསུངས་སོ། ། དེ་ལྟར་གོང་དུ་རྒྱ་ཆེར་སྨོས་པའི་རྒྱུ་མཚན་དེ་དག་གི་ཕྱིར་ན། ང་ལྟར་གང་དག་བཤད་མ་ཐག་པའི་དཀར་ཆོས་དེ་དག་ལ་སློབ་པའི་འདུན་མ་ཙམ་ཡང་མེད་ཅིང་། སྐྱབས་འགྲོའི་གོ་བ་རགས་ཙམ་ཡང་མ་ཆགས་ལ། ཁས་བླངས་པའི་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཕྲ་རགས་རྣམས་ངེས་པར་བྱས་ཏེ་བསྲུང་དགོས་སྙམ་པའི་འཕེན་པ་ཙམ་ཡང་མི་གཏོང་བར། ཐོག་མ་ཉིད་ནས་བླ་མེད་ཀྱི་ཐེག་པའི་དབང་ལུང་བསྐྱེད་རྫོགས་ཀྱི་མན་ངག་ཚོལ་བ་ལྷུར་བླངས་ཏེ་སྒོམ་པ་སྐད་བྱེད་ཅིང་། དེ་མ་ཐག་ཏུ་ལྷའི་བྱིན་རླབས་དང་། གྲུབ་རྟགས་མངོན་ཤེས་སོགས་ཐོབ་ཏུ་རེ་བའི་སྐྱེ་བོ་དེ་དག་ནི། དཔེར་ན་འགྲམ་རྩ་ཟད་པའི་ཁང་ཧྲུལ་ལ་ཡིད་ཆེས་ཀྱིས་གནས་བཅས་ཏེ་སྡོད་པ་དང་འདྲ་སྟེ། བསྐྱེད་རྫོགས་ཟབ་མོའི་རྟོགས་པ་དེ་དག་འགྲུབ་པའི་གཞི་བརྟན་པོ་མེད་པའི་ཕྱིར་རོ། ། དེས་ན་ཚུལ་དེ་ལ་དགའ་བར་མི་བྱེད་པར། སྔར་བཤད་པའི་རྩ་བ་བཞི་ལ་སློབ་དགོས་ཏེ། རྗེ་ཐམས་ཅད་མཁྱེན་པས། དེ་ཕྱིར་འགྲམ་རྩ་ཟད་པའི་ཁང་ཧྲུལ་ལ། ། དགའ་བར་མ་སེམས་རྩ་བ་བཞི་ལ་སློབ། ། ཅེས་གསུངས་སོ། ། དཀར་ཆོས་བཞི་པོ་དེ་དག་ཀྱང་རང་གི་འབད་རྩོལ་ཆེན་པོས་སྒོམ་པ་ཙམ་གྱིས་མི་ཆོག་གི ། ཐོག་མར་བསོད་ནམས་ཀྱི་ཞིང་དམ་པ་བླ་མ་དང་དཀོན་མཆོག་རིན་པོ་ཆེ་ལ་མཆོད་ཅིང་གསོལ་བ་བཏབ་ན། ཞིང་དེ་དག་གི་མཐུ་ལ་བརྟེན་ནས། ནང་གི་བསམ་པའི་སྟོབས་ཆེན་པོ་ཉོན་མོངས་པ་རྣམ་གཡེང་སོགས་ཀྱིས་བརྫི་བར་མི་ནུས་པའི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་འགྱུར་བས། དུས་རྟག་ཏུ་རང་ལ་ལམ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བཀའ་བཞིན་བསྒྲུབ་པའི་མཆོད་པ་དང་། ཟང་ཟིང་གི་མཆོད་པ་འབུལ་བའི་ཕྱིར་བསམ་པ་བཟང་བ་ཙམ་ལ་མ་བཞག་པར་རྒྱུན་མི་འཆད་པར་ལུས་ངག་གི་སྦྱོར་བ་བསྟེན་དགོས་ཏེ། རྗེ་ཐམས་ཅད་མཁྱེན་པས། ཐོག་མར་ཞིང་གི་མཐུ་ལ་བརྟེན་ནས་ནི། ། ནང་གི་བསམ་པའི་སྟོབས་ནི་སྐྱེ་འགྱུར་བས། ། དགེ་བའི་བཤེས་དང་དཀོན་མཆོག་མཆོད་པ་ལ། ། རྒྱུན་ཆད་མེད་པའི་སྦྱོར་བ་བསྟེན་ཚུལ་ལོ། ། ཞེས་གསུངས་སོ། ། དེ་ལྟར་རྩ་བ་བརྟན་པའི་ཚུལ་ལ་དོན་གྱི་གཙོ་བོར་བྱས་ཏེ་འབད་ན། རྒྱལ་བས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་བཀའ་སྩལ་པ་རྣམས་ལས་ཁ་ཅིག་བདག་ཅག་ལས་དང་པོ་པས་ད་ལྟ་ཉིད་ནས་ལག་ཏུ་བླངས་ཤིང་། དེ་ལས་གཞན་པ་དག་ནི་ད་ལྟ་ལག་ཏུ་ལེན་མི་ནུས་ཀྱང་ཕྱིས་ནུས་པར་གྱུར་ཅིག་ཅེས་མོས་པ་ཤུགས་དྲག་པོས་སྨོན་ལམ་གྱི་ཡུལ་དུ་བྱས་ཏེ། དེ་ལྟར་ཆོས་གཅིག་ཀྱང་མི་སྤོང་བར་ཐམས་ཅད་སངས་རྒྱས་སྒྲུབ་པའི་ཐབས་སུ་འཁྱེར་ཤེས་པའི་བློ་དང་ལྡན་པར་འགྱུར་ཞིང་། རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པ་ལམ་དུ་འཁྱེར་ཤེས་ན་གང་ཟག་དེ་མཁས་པའི་ཕུལ་དུ་བྱུང་བ་ཡིན་ལ། དེ་ལས་གཞན་དུ་ཆོས་འགའ་ཞིག་ཉམས་སུ་ལེན། འགའ་ཞིག་ཆེད་དུ་གཉེར་ནས་འདི་ལམ་འོག་མ་དང་ཐེག་པ་དམན་པའི་ཆོས་ཡིན་པས་ཉམས་སུ་ལེན་མི་དགོས་ཞེས་ཞེ་ཐག་པ་ནས་འདོར་བའི་སྐྱེ་བོ་དེ་དག་ནི་མཁས་པ་དང་གྲུབ་པའི་མིང་སྙན་པོ་ཅི་ཙམ་ཞིག་བདག་གིར་བྱས་ནས་འདུག་ཀྱང་། དོན་ལ་དམ་ཆོས་སྤོང་བའི་སྐལ་ངན་ཡིན་པས། དེ་ལྟར་ནི་རྣམ་པ་ཀུན་ཏུ་མི་བྱ་སྟེ། རྗེ་ཐམས་ཅད་མཁྱེན་པས། དེ་ལྟར་རྩ་མ་བརྟན་ལ་གཙོར་འབད་ན། ། ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་མ་ལུས་པ། ། ཁ་ཅིག་ད་ལྟ་ལག་ཏུ་བླངས་པ་དང་། ། གཞན་དག་སྨོན་ལམ་ཡུལ་དུ་བྱས་གྱུར་ཏེ། ། གཅིག་ཀྱང་མི་སྤོང་ཀུན་ཀྱང་སངས་རྒྱས་ཐབས། ། དེ་ལྟར་རྒྱལ་བའི་བསྟན་པ་ཡོངས་རྫོགས་པ། ། ལམ་དུ་བསྲེལ་བ་ཤེས་ན་མཁས་པའི་ཕུལ། ། གཞན་དུ་དམ་ཆོས་སྤོང་བ་ཁོ་ནར་ཟད། ཅེས་གསུངས་སོ། ། མདོར་བསྡུ་ན་བྱ་བ་ཅི་དང་ཅི་བྱེད་ཀྱང་རང་གི་བསམ་པ་གང་ལ་དགའ་བ་དེའི་དབང་དུ་མི་གཏོང་བར། རྒྱལ་བས་བཅས་པ་མཛད་པའི་འདུལ་ཁྲིམས་ཀྱི་དབང་དུ་བཏང་ནས། དེ་དང་མི་འགལ་ན་བྱེད་ལ། དེ་དང་འགལ་ན་མི་བྱེད་པའི་བླང་དོར་ལ་བརྩོན་པར་བྱ་ལ། དེ་ལྟར་བྱས་ཚེ་འཕྲལ་དུ་ལུས་སེམས་གདུང་ཡང་ཕུགས་ཀྱི་ཕན་ཡོན་ལ་གུས་པའི་སྒོ་ནས་བཟོད་པར་བྱ་སྟེ། དཔེར་ན་ནད་པའི་ལུས་ལ་སྨན་པ་མཁས་པས་གཏར་བསྲེག་བྱས་པའི་ཚེ་འཕྲལ་དུ་གདུང་ཡང་ཕུགས་སུ་ནད་ཞི་བའི་ཕན་ཡོན་ལ་དགའ་བའི་དབང་གིས་གདུང་བ་བཟོད་པར་བྱེད་ཅིང་དེ་ལྟར་བཟོད་པར་བྱས་པའི་རྒྱུས། ཕྱིས་ཡུན་རིང་པོར་ནད་མེད་པའི་བདེ་བ་དམ་པ་འཐོབ་པར་འགྱུར་པ་བཞིན་ནོ། ། རྗེ་ཐམས་ཅད་མཁྱེན་པས། མདོར་ན་རང་གི་བསམ་པ་གང་དགའ་ལ། ། མི་བཏང་རྒྱལ་བས་བཅས་པའི་དབང་དུ་བཏང་། ། དེ་ཚེ་འཕྲལ་དུ་གདུང་ཡང་ཕན་ཡོན་ལ། ། གུས་པར་བྱ་སྟེ་གཏར་དང་བསྲེག་པ་བཞིན། ། ཞེས་གསུངས་སོ། ། དེ་བས་ན་བདག་ཅག་རྣམས་ཀྱི་འདྲེན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་ལུགས་པ་ཆེན་པོ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ཞེས་མཚན་སྙན་བདུད་རྩིའི་ཐིག་པ་རྣ་བའི་ལམ་དུ་ལན་གཅིག་ལྷུང་བས་ཀྱང་མངོན་མཐོ་ངེས་ལེགས་ཀྱི་ས་བོན་ཁྱད་པར་ཅན་བསྐྲུན་ནུས་པ་དེ་ཡིས་དངོས་སུ་ལ་སྟོད་དཔོན་པོ་ནམ་མཁའ་དཔལ་ལ་འདོམས་པའི་ཟོལ་གྱིས་ད་ལྟའི་སྐྱེ་བོ་བློ་དམན་པ་རྒྱལ་བའི་བསྟན་པ་ལ་མོས་པ་ཅུང་ཟད་ཡོད་ཀྱང་ཉམས་ལེན་བྱེད་ཚུལ་དང་། བསྟན་པའི་གོ་རིམ་མི་ཤེས་པ་བདག་ཅག་རྣམས་ལ་བརྩེ་བ་ཆེན་པོས་ཉེ་བར་དགོངས་ཏེ་ལེགས་པར་གསུངས་པའི་གདམས་ངག་བཀའ་སྩལ་པ་འདི་ལ་ཡང་ཡང་བལྟ་བ་དང་སེམས་པ་གནད་དུ་ཆེའོ། ། གལ་ཏེ་འདི་ནས་བཤད་པ་ལྟར་བསྟན་པ་ལ་རིམ་གྱིས་སློབ་དགོས་ན། ད་ལྟའི་བློ་དམན་དག་གིས་ཐེག་པ་ཆེན་པོ་ཐུན་མོང་པ་དང་ཐུན་མོང་མིན་པ་སྔགས་ཀྱི་ཐེག་པ་ལ་རེ་ཞིག་སློབ་ཏུ་མི་རུང་བར་འགྱུར་ཞིང་། དེ་ལྟ་ན་སྤྱིར་ཐེག་པ་ཆེན་པོའི་རིགས་སད་པ་དང་། ཁྱད་པར་སྔགས་ཀྱི་ཐེག་པ་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་ལས་ཀྱང་དཀོན་པས་ད་རེས་སྔགས་བླ་མེད་ཀྱི་ཐེག་པ་ལ་ཅིས་ཀྱང་འཇུག་དགོས་ཞེས་དམ་པ་དག་གི་གསུང་ལས་ཡང་ཡང་འབྱུང་བའ་འདི་ཇི་ལྟར་ཡིན་ཞེ་ན། དེ་ནི་བློའི་ནུས་པ་ཡོང་པ་དག་གིས་ལམ་ཐུན་མོང་པའི་རྟོགས་པ་ཉམས་འོག་ཏུ་ཆུད་པར་བྱས་ནས་རྡོ་རྗེ་ཐེག་པ་ལ་ཚུལ་བཞིན་དུ་ཞུགས་ཏེ་སྔགས་ཀྱི་རྣལ་འབྱོར་སྒོམ་པ་ལྷུར་ལེན་ཅིང་། དེའི་གོང་ནས་ཀྱང་ལམ་དེའི་བག་ཆགས་བརྟན་པོ་མྱུར་དུ་སད་པའི་དོན་དུ་སྒོམ་དགོས་པར་མ་ཟད། བློའི་ནུས་པ་ཆུང་བས་ཀྱང་ད་རེས་སྤྱིར་ཐེག་པ་ཆེན་པོ་དང་ཁྱད་པར་སྔགས་ཀྱི་ཐེག་པ་དང་མཇལ་དུ་ཡོད་པའི་སྐབས་འདིར་སྐྱེ་བ་ཕྱི་མར་སད་ངེས་ཀྱི་བག་ཆགས་བརྟན་པོ་འཇོག་པའི་དོན་དུ་འབད་དགོས་པར་གཟིགས་ནས་དེ་ལྟར་གསུངས་པ་ཡིན་པས། རང་ཉིད་ལམ་ཟབ་མོ་ལ་བག་ཆགས་འཇོག་འདོད་པའི་ཀུན་སློང་རྣམ་པར་དག་པས་ཐོས་བསམ་བྱེད་ན་ཤིན་ཏུ་ནས་ཀྱང་ལེགས་མོད་ཀྱང་། ཞེ་ནས་ཚེ་འདིའི་རྙེད་པ་དང་བཀུར་སྟི་སྙན་གྲགས་སློབ་འཁོར་སྡུད་པ་སོགས་ཀྱི་དོན་དུ་དམིགས་ནས་ཁ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་དོན་དུ་ཡིན་ཟེར་ཞིང་ཆོས་ཟབ་མོ་རང་གིས་ཉན་པ་དང་གང་ཤེས་པ་དེ་ཉིད་གཞན་ལ་སྟོན་པ་སོགས་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་ལྟ་ཞོག་བདེ་འགྲོ་ཐོབ་པ་་ཡང་ཆེས་ཤིན་ཏུ་ཐག་རིང་བས་ན། སྤྱོད་པ་དེ་ལྟ་བུ་ནི་སྐྱེས་བུ་དམ་པ་རྣམས་ཐུགས་ཁྲེལ་བའི་རྒྱུ་གཡོ་སྒྱུའི་སྤྱོད་པ་འབའ་ཞིག་ཡིན་ཏེ། མཁས་གྲུབ་རྗེས། ཁས་བླངས་ཚུལ་ཁྲིམས་རྩྭ་ལྟར་དོར་ནས་ནི། ། སྣང་ཤས་གདོན་ཆེན་སྙིང་ལ་ཞུགས་པ་ཡིས། ། ལས་འབྲས་ཚུལ་ལ་ཅིར་ཡང་མི་སེམས་ཤིང་། ། ཤེས་ཀྱིས་ཁེ་ཚོལ་རྙེད་བཀུར་ལྷུར་ལེན་པ། ། བླུན་པོའི་འཁོར་མང་ནང་ན་གཟེངས་མཐོ་ཀུན། ། ཐར་པ་ལྟ་ཞོག་མཐོ་རིས་ཤིན་ཏུ་རིང་། ། ཞེས་གསུངས་སོ། ། དེ་བས་ན་ད་ལྟ་བདག་ཅག་ལྟ་བུའི་སྐྱེ་བོ་ཕལ་མོ་ཆེ། སྐྱེས་བུ་དམ་པ་འདི་དང་འདི་ཞེས་བྱ་བས་ཚེ་འདི་བློས་བཏང་ནས་སྔར་གསུང་རབ་མང་དུ་ཐོས་པའི་དོན་རྣམས་ལམ་དུ་འཁྱེར་བའི་མན་ངག་ཟབ་མོ་ལ་རྩེ་གཅིག་ཏུ་ཉམས་ལེན་འདི་ལྟར་མཛད་ནས་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མཐར་ཕྱིན་འདུག་གོ་ཞེས་པའི་རྣམ་པར་ཐར་པ་ཐོས་ཀྱང་ཨེ་མ་དེ་འདྲ་རེ་བྱེད་རྒྱུ་བྱུང་ན་སྙམ་པའི་འདུན་པ་རྨི་ལམ་དུ་ཡང་མི་སྐྱེ་ལ། ད་ལྟ་ཡུལ་འདི་འདྲ་ཞིག་ན་བླ་ཆེན་སྦྱིན་བདག་སྟོབས་ཆེན་མང་པོས་བཀུར་ཞིང་རྙེད་པ་དང་སློབ་འཁོར་དང་སྙན་གྲགས་རྒྱ་ཆེ་བ་འདི་དང་འདི་ཞེས་བྱ་བ་འདུག་གོ་ཞེས་པའི་གཏམ་ཐོས་པ་ཙམ་གྱིས་འདོད་པས་གདུངས་ནས་འགྲམ་ཆུ་ལྡང་བ་འདི་ནི་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་ལེགས་ཚོགས་འགྲུབ་པའི་གཞི་དང་རྩ་བ་གཏིང་ནས་ཉམས་པའི་ནང་རྟགས་ཕྱི་ལ་ཤར་བ་ཡིན་ཏེ། མཁས་གྲུབ་རྗེས། དམ་པ་རྣམས་ཀྱིས་ཚེ་འདི་བློས་བཏང་ནས། ། ཟབ་མོའི་མན་ངག་རྩེ་གཅིག་ཉམས་པ་བླངས་པས། ། དོན་གཉིས་ཕུལ་ཕྱིན་མཐའ་ཡས་རྣམ་ཐར་ལ། ། ཡིད་གཡོའི་འདུན་པ་ཆ་ཙམ་མི་སྐྱེ་བར། ། ད་ལྟའི་སྟོན་པ་འགའ་ཡི་རྙེད་གྲགས་དང་། ། སློབ་འཁོར་རྒྱ་ཆེན་འདུ་འགོད་མང་པོའི་གཏམ། ། ཐོས་པ་ཙམ་གྱིས་འགྲམ་ཆུ་ལྡང་བ་འདི། ། གཞི་རྩ་གཏིང་ནས་ཉེས་པའི་རྟགས་ངན་ཡིན། ། ཞེས་གསུངས་སོ། ། རྒྱུ་མཚན་དེ་དག་གི་ཕྱིར་ན། རྣམ་གཡེང་དང་རྙེད་བཀུར་ལ་སོགས་པའི་འདུ་འཛི་རིང་དུ་སྤངས་ཤིང་། ཁས་བླངས་པའི་ཚུལ་ཁྲིམས་ལེགས་པར་བསྲུང་བ་གཞིར་བཟུང་ནས། མང་དུ་ཐོས་བའི་དོན་རྣམས་ལ་སྒྲུབ་པ་སྙིང་པོར་བྱེད་པའི་ཚུལ་ལ་རང་གི་བློ་ནུས་དང་བསྟུན་པའི་བརྩོན་པ་ལྷུར་ལེན་པའི་སྒོ་ནས་དམ་པ་རྣམས་དགྱེས་པ་བསྐྱེད་པར་བྱ་སྟེ། མཁས་གྲུབ་རྗེས། བུ་ཁྱོད་རྣམ་གཡེང་འདུ་འཛི་རྙེད་བཀུར་ལ། ། དགའ་བར་འཛིན་པ་ཆོམ་རྐུན་ལྟར་མཐོང་ནས། ། དབེན་པར་ཚུལ་བཞིན་སྒྲུབ་པ་ལྷུར་བྱས་པའི། ། གཏམ་འདིས་ཁོ་བོའི་སྙིང་ནི་ཅི་ཡང་དྲངས། ཞེས་བླ་མ་ཐར་བའི་རྒྱལ་མཚན་པ་ལ་དགྱེས་པ་ཆེན་པོས་བཀའ་སྩལ་པའི་ཕྱིར་རོ། ། དེ་ལྟར་རྗེ་རྒྱལ་བ་གཉིས་པ་ཡབ་སྲས་ཀྱིས་ད་ལྟའི་སྐྱེ་བོ་བྱིས་པ་ནར་མ་སོན་པ་ལྟ་བུ་བློ་གྲོས་ཀྱི་མཐུ་ཤིན་ཏུ་ཆུང་བ་དག་ལ་བརྩེ་བ་ཆེན་པོས་ལེགས་པར་གདམས་པའི་གསུང་གི་བདུད་རྩི་འདི་ཉིད་རང་དང་སྐལ་པ་མཉམ་པ་གཞན་དག་ལ་ཡང་ཕན་སྲིད་སྙམ་ནས་དགོངས་དོན་ཅུང་ཟད་ཕྱེ་སྟེ་བཤད་པ་ཡིན་ནོ། ། རྒྱལ་བའི་གདུང་འཚོབ་སྐྱེ་དགུའི་མགོན་གཅིག་པུ། ། བློ་བཟང་རྒྱལ་བའི་དབང་པོ་ཡབ་སྲས་ཀྱིས། ། ལེགས་གདམས་བདུད་རྩིའི་ཆ་ཤས་འདི་ཡིས་ཀྱང་། ། ཕན་བདེའི་སྲོག་ནི་ཡུན་རིང་འཚོ་བར་བྱེད། ། འདིར་འབད་པ་ལས་བྱུང་བའི་དགེ་བ་དེས། ། དམ་པའི་མགོན་གྱིས་རྗེས་སུ་འཛིན་པ་དང་། ། དེ་ཡི་གདམས་པས་རང་རྒྱུད་ལེགས་སྨིན་ཏེ། ། རྟག་ཏུ་རྒྱལ་བ་དགྱེས་པ་བསྐྱེད་གྱུར་ཅིག ། ཅེས་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོས། ལ་སྟོད་དཔོན་པོ་ནམ་མཁའ་དཔལ་བཟང་ལ་གདམས་པ་དང་། སྲས་ཀྱི་ཐུ་བོ་མཁས་གྲུབ་ཐམས་ཅད་མཁྱེན་པས། ཚ་བ་རོང་པ་བླ་མ་ཐར་པའི་རྒྱལ་མཚན་ལ་འཕྲིན་ཡིག་ཏུ་གདམས་པ་གཉིས་ཀྱི་དོན་གྱི་ཆ་འགའ་ཞིག་ད་ལྟའི་གདུལ་བྱ་རྣམས་ཀྱི་ཉམས་ལེན་གྱི་གནས་སུ་ཤིན་ཏུ་འོས་ཤིང་ཤེས་དགོས་པའི་གནད་ཆེ་བར་ཡང་འདུག་སྙམ་ནས། ལུང་རིགས་སྨྲ་བའི་བཙུན་པ་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་འཕྲལ་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག ། །།མངྒ་ལམ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]