ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> བསླབ་བྱ། >> དགེ་བ་རྫོགས་བྱང་དུ་བསྔོ་བའི་སྨོན་ཚིག་ཕན་ཡོན་དང་བཅས་པ་བཞུགས་སོ།

དགེ་བ་རྫོགས་བྱང་དུ་བསྔོ་བའི་སྨོན་ཚིག་ཕན་ཡོན་དང་བཅས་པ་བཞུགས་སོ།

[རྩོམ་གྱི་ཡོང་ཁུངས། ཙོང་ཆུའི་དྲ་བ།] [རྩོམ་པ་པོ། ཨ་ཀྱཱ་འཇམ་དབྱངས་རྒྱ་མཚོ།] [ཟླ་ཚེས། 12-03-09] [ཀློག་གྲངས། ]

                                                                   ༄༅། ། བདག་གིས་དུས་གསུམ་བསགས་པའི་དགེ་རྩ་ཀུན། ། 
                                                                            རྒྱལ་བསྟན་དར་ཞིང་བསྟན་འཛིན་ཞབས་པད་བརྟན། ། 
                                                                            ཁྱད་པར་རིགས་དྲུག་དྲིན་ཅན་ཕ་མ་ཀུན། ། 
                                                                            བླ་མེད་བྱང་ཆེན་ཐོབ་པའི་རྒྱུ་རུ་བསྔོ། ། 
                    ཅེས་པ་འདི་ཡང་དགེ་ཚུལ་ཆོས་འཛིན་གྱི་འདོད་མོས་བཞིན། ༧ཨ་ཀྱཱ་ཧོ་ཐོག་ཐུས་བྲིས། དགེ་ལེགས་འཕེལ། འདི་ལྟར་སྨོན་ལམ་བཏབ་པ་ལ་ཕན་ཡོན་བླ་ན་མེད་པ་བརྗོད་ཀྱིས་མི་ལང་བ་ཡོད་མོད་ཀྱང་། མདོར་བསྡུས་པའི་ཚུལ་ནི་འདི་ཡིན་ཏེ། དེ་ཡང་རང་གཞན་སྐྱེས་འཕགས་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་དགེ་རྩ་རྣམས་ཚེ་འདིའི་བདེ་སྐྱིད་སྙན་གྲགས་ཙམ་དང་། ཕྱི་མ་མངོན་མཐོའི་གོ་འཕང་ཙམ་འཐོབ་པའི་ཕྱིར་དུ་མི་བསྔོ་བར། རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་ཆེད་དང་ལམ་ཕྱིན་ཅི་མ་ལོག་པར་སྟོན་པའི་དགེ་བའི་བཤེས་གཉེན་བསྟན་འཛིན་དམ་པ་རྣམས་ཀྱི་ཞབས་པད་རྡོ་རྗེའི་ཁམས་སུ་བརྟནུ་པའི་ཕྱིར་དང་། ཁྱད་པར་རང་གི་ཚེ་འདི་ཉིད་ཀྱི་དྲིན་ཅན་ཕ་མས་གཙོ་བྱས་རིགས་དྲུག་གིས་བསྡུས་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས་བླ་མེད་བྱང་ཆེན་མྱུར་དུ་འཐོབ་པའི་རྒྱུར་བསྔོས་ན་གནས་སྐབས་དང་མཐར་ཐུག་གི་སྨོན་གནས་མ་ལུས་བདེ་བླག་ཏུ་འགྲུབ་པར་འགྱུར་བ་ཙམ་དུ་མ་ཟད། སྨོན་ལམ་དེ་ལྟར་གདབ་དགོས་པ་ཡང་ཡིན་ཏེ། དེའི་ཚུལ་དང་པོ་དེ་ཉིད་སྟོན་པ་ལ། ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས། དང་པོར་རྒྱ་ཆེན་ཐོས་བ་མང་དུ་བཙལ། ། བར་དུ་གཞུང་ལུསག་ཐམས་ཅད་གདམས་པར་ཤར། ། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། ། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ། ། ཞེས་དང་། ཚུལ་གཉིས་པ་འཆད་པར། བདག་སོགས་རྣམས་ཀྱིས་དེད་ནས་བྱང་ཆུབ་བར། ། བགྱིས་དང་བགྱིད་འགྱུར་དགེ་བ་ཅི་བསགས་པ། ། ཞིང་འདིར་རྗེ་བཙུན་བླ་མའི་གཟུགས་ཀྱི་སྐུ། ། འགྱུར་མེད་རྡོ་རྗེ་ལྟ་བུར་བརྟན་ཕྱིར་བསྔོ། ། ཞེས་དང་། ཚུལ་གསུམ་པ་དེ་ཉིད་ཀྱི་ཤེས་བྱེད་དུ། མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིག་ལྷུང་། ། རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། ། དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། ། བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། ། ཅེས་གསུངས་སོ། ། 
                                                                                    དེ་ལྟར་ཕན་ཡོན་བླ་ན་མེད་པ་ཡོད་པས། དེའི་ཚུལ་རྣམས་རྒྱས་པར་བྱང་ཆུབ་ལམ་གྱི་རིམ་པ་ཆེ་ཆུང་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་ཇི་ལྟར་གསུངས་པའི་ཚུལ་ལ་མོས་གུས་ཤུགས་དྲག་པོ་དང་ཡིད་ཆེས་བརྟན་པོས་ངེས་པ་རྙེད་པར་བྱས་པའི་སྒོ་ནས་དགེ་བའི་རྩ་བ་ཆེ་ཆུང་ཅི་བསགས་ཐམས་ཅད་ཆ་ཕྲ་མོ་ཙམ་ཡང་ཆུང་གཟན་པ་མེད་པར་གཏན་འདུན་འགྲུབ་པའི་རྒྱུར་བསྔོ་བར་བྱས་ཏེ། རང་གཞན་གྱི་དོན་གཉིས་བདེ་བླག་ཏུ་བསྒྲུབ་པའི་ཐབས་ཚུལ་ལ་བརྩོན་པར་གྱིས་ཤིག། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]