ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> མི་སྣ། >> ཀུན་མཁྱེན་འཇིགས་མེད་དབང་བོ།

ཀུན་མཁྱེན་འཇིགས་མེད་དབང་བོ།

[རྩོམ་གྱི་ཡོང་ཁུངས། རྩོམ་རིག་གསེར་གྱི་སྦྲམ་བུ་ལས།] [རྩོམ་པ་པོ། བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོ།] [ཟླ་ཚེས། 11-04-24] [ཀློག་གྲངས། ]

          འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོ་ནི། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཐུགས་བཀོད་ཀྱིས་བཞེངས་ཤིང་རབ་གནས་གནང་བའི་གནས་ཆེན་སྣང་རའི་གསེར་ཁང་དང་ཁད་ཤིན་ཏུ་ཉེ་བའི་སྡེ་ཆེན་གྲམ་པ་ནང་དུ་ཡབ་གཅན་ཚའི་དཔོན་པོ་ངག་དབང་རྣམ་རྒྱལ་དང་ཡུམ་གནམ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་སྤྲེལ་(སྤྱི་ལོ༡༧༢༨)ལོར་སྐུ་འཁྲུངས། དགུང་ལོ་ལྔའི་སྟེང་ཏོག་ནོར་བུ་རྒྱལ་མཚན་ལས་དགེ་བསྙེན་དང་། དྲུག་པ་ལ་དགེ་ཕྱུག་ཆོས་རྗེ་ལས་རབ་ཏུ་བྱུང་། དགུང་ལོ་བདུན་ནས་བཟུང་ཁུ་བོ་སྟོང་འཁོར་རིན་པོ་ཆེའི་དྲུང་དུ་བཅར་ཏེ་ཟབ་ཆོས་མང་དུ་གསན། དགུང་ལོ་བཅུ་གསུམ་པར་སྟོང་འཁོར་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་ལས་དགེ་ཚུལ་བསྒྲུབས། མཚན་འཇམ་དབྱངས་འཕྲིན་ལས་སུ་གསོལ། དགུང་གྲངས་བཅུ་དྲུག་པ་ཆུ་ཕག(སྤྱི་ལོ་༡༧༤༣)ལོར་འཇམ་དབྱངས་བཞད་པའི་ཡང་སྲིད་དུ་ངོས་ཟིན་ཏེ་བཀྲ་ཤིས་འཁྱིལ་དུ་གདན་འདྲེན་ཞུས། དེར་མཁས་དབང་རབ་བརྟན་རྒྱ་མཚོ། རོང་བོ་མེ་རྒན་ཆོས་རྗེ་ལ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་ནས་བསྡུས་གྲྭ། ཕར་ཕྱིན། ཚད་མའི་དཀའ་གནད་བཅས་དང་། སྒྲ་སྙན་ངག་སོགས་ལེགས་པར་སྦྱངས། མཁན་ཆེན་དགེ་འདུན་རྒྱ་མཚོ། རྗེ་ཀུན་སྤངས་བློ་བཟང་བཀྲ་ཤིས། གྲུབ་དབང་སྟོབས་ལྡན་རྒྱ་མཚོ་སོགས་མཁས་གྲུབ་དམ་པ་དུ་མའི་དྲུང་དུ། རྒྱུད་སྡེ་བཞིའི་དབང་ཆེན་དང་། དཔལ་བདེ་གསང་འཇིགས་བྱེད་རིམ་གཉིས་སོགས་ཀྱི་བཀའ་ཆོས་མང་པོ་གསན། དགུང་བགྲང་ཉེར་གཉིས་པ་རབ་བྱུང་བཅུ་གསུམ་པའི་ས་སྦྲུལ(སྤྱི་ལོ༡༧༤༩)ལོར་ལྕང་སྐྱ་ཐམས་ཅད་མཁྱེན་པ་རོལ་པའི་རྡོ་རྗེ་ལས་བསྙེན་པར་རྫོགས། ཆུ་སྤྲེལ་(སྤྱི་ལོ༡༧༥༢)ལོར་དབུས་གཙང་དག་པའི་ཞིང་ཁམས་སུ་ཕེབས། མགོན་རྒྱལ་དབང་དང་པཎ་ཆེན་གཉིས་དང་། བཀའ་གདམས་མངའ་བདག མེེ་ཏྲིའི་ཞབས། ས་སྐྱ་བདག་ཆེན་ཀུན་དགའ་བློ་གྲོས་སོགས་མཁས་གྲུབ་མཐའ་དག་ལ། ཁུངས་རྣམ་དག་དབང་ལུང་རྗེས་གནང་ཁྲིད་གནང་ཁྲིད་ངན་ངག་གང་ཡོད་འབད་པས་གསན། དེ་ལྟར་ལོ་ངོ་བརྒྱད་ཀྱི་རིང་ཆོས་ཟབ་རྒྱས་གདམས་པའི་མཛོད་བརྙེས། གཞུང་དོན་རྒྱུད་རྒྱ་མཚོའི་མཐར་སོན། ཆོས་འཆད་རྩོད་རྩོམ་པའི་མངའ་བདག་ཏུ་གྱུར། ས་ཡོས(སྤྱི་ལོ༡༧༥༩)ལོར་ཡུལ་མདོ་སྨད་གདན་སར་ཕེབས། ཆོས་སྡེ་ཆེན་པོ་ལུགས་གཉིས་ཀྱི་ལས་སྡེ་བཞི་ཡར་ཟླ་ལྟར་རྒྱས་པར་མཛད། དཔལ་དུས་འཁོར་གྱི་འདུས་གྲྭ་གསར་དུ་བཙུགས་པ་དང་། སྒྲ་ཡིག་རིགས་རྩིས་ཀྱི་སློབ་གཉེར་བཙུགས། གསོ་རིག་གྲྭ་ཚང་གསར་དུ་བསྐྲུན་ཏེ། གསོ་རིག་རྒྱུད་བཞིའི་འཆད་ཉན་སྤེལ། དགུང་ལོ་ཞེ་གཉིས་པ་ས་གླང་(སྤྱི་ལོ་༡༧༦༩)ལོར། རྗེ་ལྕང་སྐྱ་རོལ་པའི་རྡོ་རྗེ་ལས་རིམ་ལང་གསལ་སྒྲོན་སོགས་ཆོས་ཟབ་རྒྱས་ཞུ་བར་རྒྱ་ནག་རི་བོ་རྩེ་ལྔར་ཕེབས། ཆུ་འབྲུག་ལོར་གདན་སར་ཕེབས། གཙུག་ལག་ཁང་ཆེན་པོ་བཞེངས། བཀྲ་ཤིས་ལྷུན་པོའི་སྲོལ་ལྟར་ཟིལ་རྔམས་བརྗིད་ཀྱི་སྲུང་མའི་གར་འཆམ་བཙུགས། རྗེ་བླ་མའི་<<ལེགས་བཤད་སྙིང་པོ>>དང་།   <<དཔལ་འདུས་པའི་རྒྱུད་འགྲེལ་རིམ་ལྔ>><<ལམ་རིམ་ཁྲིད་གཟབ་བཤད>>ཡང་ཡང་ཞིབ་ཏུ་བསྩལ།  

       དགུང་ལོ་ང་བདུན་པ་ཤིང་འབྲུག(སྤྱི་ལོ༡༧༨༤)ལོར་དབུས་སུ་བྱོན་ཏེ། གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་དང་། ལྷ་ས། བསམ་ཡས། རྭ་སྒྲེང་། དབུས་ཀྱི་གདན་ས་ཐམས་ཅད་དང་། རོང་བྱམས་ཆེན་དཔལ་འཁོར་ཆོས་ཀྱི་སྡེ། དཔལ་བཀྲ་ཤིས་ལྷུན་པོ། ས་སྐྱ་རྟག་བརྟན། ཞྭ་ལུ་སོགས་དགོན་སྡེ་རིས་མེད་པར་མཆོད་སྤྲིན་རྒྱ་ཆེན་པོ་མཛད། མེ་རྟ་ལོར་མདོ་སྨད་གདན་ས་ཆིབས་ཁ་བསྒྱུར། དད་ལྡན་སློབ་མ་ལྔ་སྟོང་ཙམ་ལ་རྒྱུད་མི་ཏྲའི་དབང་གིས་སྨིན་པར་མཛད། དགུང་ལོ་རེ་གཅིག་པ་ས་སྦྲེལ་(སྤྱི་ལོ་༡༧༨༨)ལོར། གནས་མཆོག་སྐུ་འབུམ་དུ་རྗེའི་གསུང་འབུམ་ལྗགས་ལུང་ཡོངས་རྫོགས་གནང་། ཆོས་ཟབ་རྒྱས་ཀྱི་འཁོར་ལོ་བསྐོར། བླ་བྲང་དུ་གསེར་ཁང་བྱམས་པ་བཞེངས། ས་བྱ་ལོར་བྱ་ཁྱུང་ཐེག་ཆེན་བཤད་སྒྲུབ་གླིང་གི་ཁྲིར་བཞུགས། ལས་འཁོར་ལོ་གསུམ་གྱི་མཛད་པས་བསྐྱངས། དགུང་ལོ་རེ་བཞི་བ་ལྕགས་ཕག(སྤྱི་ལོ༡༧༩༡)ལོར་ཀ་མདོ་གདོང་དམར་སྣར་སྐུ་གཤེགས། །
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]