ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> མི་སྣ། >> གྲོ་ལུང་པ་ཆེན་པོ་བློ་གྲོས་འབྱུང་གནས་ཀྱི་རྣམ་ཐར་མདོར་བསྡུས།

གྲོ་ལུང་པ་ཆེན་པོ་བློ་གྲོས་འབྱུང་གནས་ཀྱི་རྣམ་ཐར་མདོར་བསྡུས།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགའ་ཤར་མཁན་ཟུར་བླ་ཏི] [ཟླ་ཚེས། 11-07-13] [ཀློག་གྲངས། ]

          བོད་གངས་ཅན་གྱི་ལྗོངས་འདིར་བསྟན་པ་སྔ་དར་གྱི་དུས་སུ་མཁན་སློབ་ཆོས་གསུམ་སོགས་ལོ་པཎ་མཐའ་ཡས་པ་བྱོན་ཏེ། ཐུབ་པའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་ཡོད་ཀྱང་། བོད་རྒྱལ་གླང་དར་མས་རྒྱལ་བསྟན་བསྣུབས་པ་ནས་བཟུང་བོད་བསིལ་བུའི་དུས་སུ་བསྟན་པ་ཧ་ཅང་གི་ཉམས་དམས་སུ་ཕྱིན་ཏེ། མདོ་སྔགས་གཉིས་ཚ་གྲང་འགལ་ཟླ་དང་། གཞན་ཡང་ཆོས་ལོག་མང་པོས་རྒྱལ་བའི་བསྟན་པ་རིན་པོ་ཆེར་སུན་འབྱིན་པའི་སྐབས་སུ། བོད་ཀྱི་ཆོས་རྒྱལ་གདུང་བརྒྱད་ལྷ་བླ་མ་ཁུ་དབོན་གཉིས་ནས་ཐུགས་ཀྱིས་མ་བཟོད་པར་རང་སྲོག་བློས་བཏང་གིས་དུས་རབས་བཅུ་གཅིག་པའི་ཡས་མས་སུ་རྒྱ་གར་ནས་མཉམ་མེད་ཇོ་བོ་རྗེ་དཔལ་མར་མེ་མཛད་གདན་དྲངས་ཏེ། བདེ་བར་གཤེགས་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཉམས་མེད་དུ་དྲིལ་ཅིང་། གདུལ་བྱ་དབང་པོ་རབ་འབྲིང་ཐ་གསུམ་གྱི་བློ་དང་འཚམས་པའི་མདོ་སྔགས་གང་གི་ཕྱོགས་སུ་མ་ལྷུང་པར་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་པ་འདི་སྟོད་མངའ་རིས་སུ་མཛད་པ་ནས་བཟུང་། གངས་ཅན་གྱི་ལྗོངས་སུ་རྒྱལ་བའི་བཀའ་མཐའ་དག་ཚིག་གཅིག་ཀྱང་དོར་དུ་མེད་པ་གང་ཟག་གཅིག་གི་རྒྱུད་ལ་འཚང་རྒྱ་བའི་ཉམས་ལེན་གདམས་ངག་ཏུ་གོ་ཞིང་འཁྱེར་ཤེས་པའི་མན་ངག་ཇོ་བོ་བཀའ་གདམས་པ་ཞེས་སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས་པ་འདི་ཉིད་དེ་ནས་དར་བའོ། །
         ད་ལམ་སྐབས་སུ་བབས་པ་བསྟན་བཅོས་འདི་ཉིད་༡མཛད་པ་པོ་གྲོ་ལུང་པ་ཆེན་པོ་བློ་གྲོས་འབྱུང་གནས་ཀྱི་རྣམ་ཐར་མདོར་བསྡུས་ཤིག་ཞུ་ན། ཁོང་གཞོན་ནུའི་དུས་ནས་ཇོ་བོ་ཡབ་སྲས་ཀྱི་ཞབས་ལ་གཏུགས་སྣང་སྟེ། ཁོང་རང་གི་བསྟན་རིམ་ལས། བདག་གིས་ཇོ་བོ་རྗེ་ལ་ཆོས་ལན་ཅིག་འཁུམས་པ་ན། འཕགས་པ་རྟག་ཏུ་ངུའི་བརྩོན་འགྲུས་ལྟ་བུ་བྱའོ་ཞེས་གསུང་ལ། དགེ་བཤེས་པའང་མདོར་ན་གཞན་ཅི་ཡང་མི་བསམ་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བར་བྱའོ་ཞེས་གསུང་། ཡང་སྐྱབས་འགྲོའི་སྐབས་སུ། འདི་ལ་བདག་གི་བླ་མ་ནི་མཆོད་པ་དང་བཅས་པའི་མཎྜལ་གསུམ་བྱེད་དུ་བཅུག་སྟེ། ཞེས་གསུངས་པའི་དགེ་བཤེས་དང་བླ་མ་ནི་འབྲོམ་ཉིད་ཡིན་པར་གནའ་མཆན་གྱིས་བཤད་སྣང་ངོ་། ། ན་སྔ་ལ་ནི་རྡོ་རྗེ་ནམ་མཁའི་གོས་ཅན་གསན་ཞིང་། ཁམ་ལུང་པ་དང་། པོ་ཏོ་པ་ལ་ཡང་ཆོས་གསན་ཞིང་སློབ་དཔོན་ཞེས་འབོད་པ་མཛད། གཞན་ཡང་ཇོ་བོ་ནས་བརྒྱུད་པའི་ཆོས་དང་། གཞན་མདོ་སྔགས་ཀྱི་གཞུང་ཕལ་ཆེ་བ་རྔོག་ཁུ་དབོན་གཉིས་ལ་གསན་ཏེ་སྦྱངས་པས། སྔགས་མཚན་ཉིད་ལ་ཤིན་ཏུ་མཁས་ཤིང་བརྒྱད་སྟོང་པའི་འགྲེལ་པ་དང་། བྱམས་ཆོས་སྡེ་ལྔའི་འགྲེལ་པ་སོགས་ཡིག་ཆའང་མང་དུ་མཛད། ཁྱད་པར་དུ་བསྟན་པའི་རིམ་པ་ཆེ་ཆུང་གཉིས་དང་། ༢བསྟན་རིམ་དང་ལམ་རིམ་ཞེས་པ་མིང་ཙམ་མ་གཏོགས་ཁྱད་པར་མེད། དེ་ཡང་ཚོགས་སུ་འཆད་ན་བསྟན་པ་རིམ་པ་དང་། ཉམས་ལེན་དུ་དྲིལ་བ་ལམ་གྱི་རིམ་པ། ཉམས་ལེན་དུ་དྲིལ་བ་ལམ་གྱི་རིམ་པ། གཞུང་དུ་བཀོད་པ་བྱང་ཆུབ་ལམ་གྱི་སྒྲོན་མ་ཡིན། ཞེས་བསོད་ནམས་ལྷ་དབང་གི་ཆོས་འབྱུང་ལས་བཤད་དོ། ། 
        ༡་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་ལམ་རིམ་བླ་བརྒྱུད་རྣམ་ཐར་བོད་ཤོག་དཔར་རིང་གྲངས་༡༩༡བ་༡་སྟོད་ཆ་༢་དགེ་ལྡན་ཆོས་འབྱུང་མདོ་སྨད་ཡོན་ཏན་རྒྱ་མཚོས་བརྩམས་པ་སྟོད་ཆ་ཤོག་གྲངས་༡༡་བ་༧་༠༠༢་ཇོ་བོའི་གཞུང་ཆུང་རྣམས་གཙོ་བོར་གྱུར་པའི་ཆོས་ཆུང་བརྒྱ་རྩ་ལ་དོན་གྱི་ཁོག་འཆིང་བའི་ཊཱིཀྐ་བསྡུས་པ་ཞིག་ཀྱང་མཛད་དོ།། སྐུ་ཚེའི་སྟོད་ལ་ལོངས་སྤྱོད་ཀྱིས་ཕོངས་སེ་བྱུང་བས། གུན་པ་ལྷ་རྗེས་ཛམྦྷ་ལ་དཀར་པོའི་སྒྲུབ་སྐོར་བྱིན་པས་ལན་ཅིག་གྲོ་ལུང་པའི་བཀར་ཡོལ་གྱི་ནང་དུ་ཛ་ལ་གཙོ་འཁོར་ལྔ་དངོས་སུ་བྱོན་པ་མི་གཞན་གྱི་མཐོང་གི་དོགས་ནས་ཕྱག་གིས་སྐྱོར་པས། གུན་པའི་ཞལ་ནས་དེ་ཙུག་མི་དགོས་གཞན་གྱི་མཐོང་དོགས་མེད་གསུང་། དེ་ནས་བརྩམས་ཏེ་གྲོ་ལུང་པ་ལ་གྲྭ་ཚོགས་མང་དུ་འདུས། སྐུ་བསོད་སྐྱེས་ཏེ་བྲིན་ལྷས་ཀྱི་གཙུག་ལག་ཁང་བཏབ། དེར་རྔོག་ལོའི་ཆོས་ཁྲི་སྙིང་པོར་གྱུར་པའི་མཆོད་རྟེན་བརྩིགས། དེའི་བུམ་པར་ཟངས་ཆེན་སྟོང་པ་ཞིག་གི་ཁར་ཙན་དན་གྱི་དྲ་བས་བཀབ། དེའི་སྟེང་རྔོག་ལོའི་ཐུགས་ཟ་མ་ཏོག་བཞུགས། ཟངས་དེའི་ཁར་ལྷོ་ཕྱོགས་ཀྱི་བུ་ག་ནས་ཤིང་གི་ཝ་གཏད་ནས་བཞག ། ཕྱིས་གྲོ་ལུང་པ་དགུང་ལོ་བརྒྱད་ཅུ་པ་ལ་གཤེགས་དུས་ངའི་རིང་བསྲེལ་གང་བྱུང་མ་ཟགས་པར་མཆོད་རྟེན་གྱི་ལྷོའི་བུ་ག་ལ་སྐྱུར་ཅིག་ཅེས་ཞལ་ཆེམས་བཞག་གོ ། སྐུ་གདུང་ཞུ་དུས་ཕྱག་རིན་ཚུལ་གྱི་པང་དུ་ཕྱག་གཡས་པ་དང་། ཟམ་ཁ་པའི་པང་དུ་ཐུགས་སྤུར་ཁང་ནས་ཡར་ཏེ་བྱོན། དེ་ནས་ཞལ་ཆེམས་བཞིན་རིང་བསྲེལ་རྣམས་མཆོད་རྟེན་གྱི་བུ་གར་བསྐྱུར་བས་ཟངས་གང་བ་དང་འགྲིག་པ་ཞིག་བྱུང་ཞེས་གྲགས་སོ། ། བདག་ཉིད་ཆེན་པོ་འདིས་མཛད་པའི་བསྟན་རིམ་ཆེན་མོ་ནི་བྱང་ཆུབ་ལམ་གྱི་སྒྲོན་པའི་འགྲེལ་པ་ཁ་ཟླ་དང་བྲལ་བ་ཞིག་སྟེ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་ཀྱང་གྲོ་ལུང་པ་ཆེན་པོའི་བསྟན་རིམ་འདི་དང་མཇལ་བའི་ཚེ་མཆོད་པའི་བྱེ་བྲག་སྣ་ཚོགས་པས་བསུ་བ་མཛད་ཅིང་། སྐྱེས་བུ་གསུམ་གྱི་ལམ་སོ་སོའི་ངོ་བོ། གྲགས་དེས། གོ་རིམ། སོ་སོའི་དམིགས་རྣམ་ཡིད་ལ་བྱེད་ཚུལ། བསྒོམས་པ་ལས་ཉམས་མྱོང་ཇི་ལྟར་སྐྱེ་བའི་རིམ་པ་སོགས་བྱང་ཆུབ་ལམ་གྱི་རིམ་པའི་དོན་སྟོན་པ་ལ་འགྲན་ཟླ་མེད་པའི་བསྟན་བཅོས་སུ་བསྔགས་པ་མཛད་དོ། ། དེ་ལྟ་བུའི་བསན་རིམ་ཆེན་མོ་འདི་ཉིད་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དཔེ་རྒྱུན་ཧ་ཅང་གི་དཀོན་པ་མ་ཟད། བསྟན་བཅོས་ཆེན་མོ་འདི་ཉིད་ཀྱི་བརྗོད་བྱ་ཁྱད་པར་དུ་འཕགས་པ་བྱང་ཆུབ་ལམ་གྱི་རིམ་པའི་མ་ཕྱི་ཚང་ལ་མ་ནོར་པ་རྒྱས་ཤོས་ལྟ་བུ་ཞིག་ལ་བརྟེན་ཨ་མི་རི་ཀི་མི་རིགས་སེར་སྨད་དགེ་བཤེས་བློ་བཟང་ཆོས་འཛིན་ནམ་མཆོག་རྒྱ་བའི་བསྟན་ལ་གཅིག་ཏུ་སྨན་པའི་ལྷག་བསམ་བཟང་པོས་ཀུན་ནས་བླངས་ཏེ་དཀའ་བ་དང་ལེན་གྱིས་འཛམ་གླིང་དཔེ་མཛོད་སོགས་ཡུལ་གྲུ་མང་པོར་བརྩད་ཞིབ་བགྱིས་འབྲས། དགའ་ལྡན་ཤར་རྩེ་ཁྲི་བྱང་བླ་བྲང་དུ་བོད་ནས་གདན་ཞུས་ཀྱི་བསྟན་རིམ་ཆེན་མོ་དཔེ་རིང་མདའ་ཚད་མ་བོད་ཤོག་རྙིང་སོང་ཞིག་འདུག་པ་དེ་གཡར་པོ་ཞུས་ཏེ་ཕྱི་ལོ་ནས་ཕྱི་ལོའི་བར་ལོ་བསྟུད་ནས་ཀམ་པུ་ཊ་ནང་བཅུག་ཅིང་། ད་ལམ་བསྟན་རྒྱུན་ཁོ་ནར་ཕན་རེས་༠༠༣ འཕྲུལ་དཔར་ཐོག་དཔེ་དེབ་ངོ་གྲངས་དཔར་འདེབས་ཀྱི་འགྲོ་གྲོན་དང་ལས་ཁུར་སོགས་ཆ་ཚང་ཞུས་ནས་ཛྲསྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་མཚན་བརྗོད་པར་དཀའ་པ་རྗེ་བཙུན་དམ་པ་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་ངེས་པ་དོན་གྱི་བླ་མ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཕུལ་དུ་ཕྱིན་པ་མཁས་གྲུབ་གཉིས་ལྡན་གྱི་གང་ཟག་ཁྱད་པར་ཅན་ཡིན་པ་མ་ཟད། རི་བོ་དགེ་ལྡན་པའི་བསྟན་པའི་སྲོག་ཤིང་ཆེན་པོ་ཡིན་པ་དང་། ལྷག་པར་བྱང་ཆུབ་ལམ་གྱི་རིམ་པའི་བསྟན་པའི་མངའ་བདག་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཐུགས་སུ་འཁྲུངས་པའི་སེམས་དཔའ་ཆེན་པོ་ཞིག་ཡིན་པར་ངེས། བསྟན་ལ་བྱ་བ་ཇི་ལྟར་མཛད་ཚུལ་སོགས་ཞིབ་ཏུ་མཁྱེན་འདོད་ན་ཛྲསྐྱབས་རྗེ་རང་ཉིད་ཀྱི་གསུང་འབུམ་ང་པ་རང་རྣམ་འཕྲུལ་སྣང་སྒྱུ་མའི་ཟློས་གར་ལས་ཤེས་པར་བྱ་དགོས་སོ། ། ཛྲསྐྱབས་རྗེ་རྡོ་རྗེ་འཆང་གི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་བློ་བཟང་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱང་ཛྲ་གོང་མའི་རྣམ་ཐར་བཟང་པོ་བདག་གིར་བཞེས་ཏེ་རི་བོ་དགེ་ལྡན་པའི་བསྟན་པའི་ཉི་མ་ཆེན་པོ་ཡོང་རྒྱུར་གདོན་མི་ཟ་ཞིང་། ཁྱད་པར་དུ་ཡང་ཛྲ་གོང་ས་ཛྲསྐྱབས་མགོན་ཛྲརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མཛད་པའི་ཞབས་བརྟན་གསོལ་འདེབས་ལས། གཞུང་བཟང་སྟོང་འདུ་ལེགས་བཤད་རྒྱ་མཚོ་ཆེར། ། ཡོངས་སྔགས་བྱང་ཆུབ་ལམ་གྱི་རིམ་པ་སོགས། ། ཨ་ཏི་ཤ་དང་འཇམ་མགོན་བླ་མ་ཡི། ། གདམས་པའི་སྲོལ་འཛིན་མཆོག་ཏུ་ཡུན་བརྟན་ཤོག ། ཅེས་ཐུགས་སྨོན་ཁྱད་པར་ཅན་བསླུ་མེད་བདེན་ཚིག་སྟོབས་བསམ་གྱིས་མི་ཁྱབ་པ་ངེས་པས། ཕྱག་དེབ་ཚང་མ་ཁྲི་བྱང་བླ་བྲང་དུ་དད་འབུལ་ཞུས་ཟིན་དང་། བསྟན་ལ་གཅིག་ཏུ་གུས་དོན་གཉེར་ཅན་དག་ལ་ཐུགས་མཁོ་མཆིས་ཚེ་ཁྲི་བྱང་བླ་བྲང་ནས་དཔར་བླ་ཤོག་རིན་སོགས་མ་གནས་མ་གཏོགས་ཁེ་སང་མི་བཞེས་པར་བླུ་ཡོན་སྩལ་རྒྱུ་བཅས་ཡིན་པ་དེ་དོན་ཚང་མས་དགོངས་པར་བསྟི་བར་ཞུ།། །། གླེང་བརྗོད་རྒྱས་པ་ཞིག་ཨིན་ཡིག་ཐོག་ཟུར་བཀོད་ཡོད་པར་བརྟེན་འདིར་ས་བཅད་མ་སྟོང་ཙམ་ཞིག་བསྐུལ་ཨ་པོའི་དོར་མདོར་བསྡུས་སུ་དགའ་ཤར་མཁན་ཟུར་བླ་ཏི་སྤྲུལ་མིང་པས་བྲིས་པའོ།། །།

    དཔར་བྱང་སྨོན་ཚིག 
         ༈ཨོཾ་སྭསྟཱི། ༡ཐུབ་གསུང་གསུང་རབ་བརྒྱད་ཁྲི་བཞི་སྟོང་སྙིང་པོའི་ཡུམ་མདོའི་དོན། ། ལམ་ཟབ་ཟབ་དང་རྒྱ་ཆེན་སྤྱོད་པའི་ཚུལ་གཉིས་ཚུལ་བཞིན་ཤིང་རྟའི་སྲོལ། ། འབྱེད་མཁས་མཁས་པའི་བཞེད་གཞུང་དྲི་མེད་མ་ནོར་མ་འདྲེས་ལེགས་འདོམས་པའི། ། བཀའ་གདམས་གདམས་པའི་ཞལ་ལུང་གང་དེ་ཐུན་མོང་ཐུན་མིན་གདམས་པའི་ཕུལ། ། ༢། དེ་ཚུལ་དྲི་མེད་ལུང་རིགས་མཐུན་པའི་དཔེས། ། དོན་གསལ་གནད་འདྲིལ་གོ་སླའི་མན་ངག་གིས། ། རྒྱལ་བའི་དགོངས་བཅུད་རྗེན་པར་རབ་བྱུང་བའི། ། ཟབ་རྒྱས་གདམས་པའི་སྙིང་པོ་འདི་རྨད་བྱུང་། ༣། འདི་ནི་རྒྱལ་ཀུན་གཤེགས་པའི་ལམ་ཆེན་དང་། ། སྲིད་ཞིའི་མཐའ་ལས་སྲུང་བའི་རྭ་བ་སྟེ། ། སྐྱེས་བུ་གསུམ་གྱི་ཉམས་ལེན་གནད་བསྡུས་པ། ། སྐལ་བཟང་སྐྱེ་བོའི་སྙིང་གི་ནོར་བུའང་ཡིན། ༤། གསུངརབ་ཀུན་གྱི་སྙིང་པོ་ཆུ་ཀླུང་འབུམ། ། འབུམ་ཕྲག་གདམས་པའི་མཆོག་ཏུ་འཁྱིལ་བ་གང་། ། གང་ཞིག་སྐལ་བཟང་སྐྱེ་བོའི་སྨན་ཡོན་དུ། ། དུ་མའི་དཔར་གྱི་འདུ་བྱེད་བསྐྲུན་པའི་དགེ། ༥། བློ་གཏེར་རྒྱལ་བའི་རིང་ལུགས་པདྨོའི་ཚལ། ། བཤད་སྒྲུབ་ཉི་འོད་དང་འགྲོགས་རྩེ་དགའ་ཡིས། ། བླ་མེད་ཕན་དང་བདེ་བའི་དྲི་གསུང་དང་། ། འགོག་མེད་ཕྱོགས་ཀྱི་འཁོར་ལོར་འགྲིམ་གྱུར་ཅིག ༦། འཇིག་རྟེན་དབང་ཕྱུགས་གསང་གསུམ་དཀྱིལ་འཁོར་གྱི། ། གང་བ་ཡོངས་རྫོགས་རྒྱལ་མཆོག་གངས་རིའི་མགོན། ། བསྟན་པ་འཛིན་པའི་སྐྱེས་ཆེན་མཐའ་དག་གི ། རླབས་ཆེན་འཕྲིན་ལས་འོད་སྣང་འབར་གྱུར་ཅིག ༧། ཞི་དུལ་བག་ཡོད་གོས་ཀྱིས་ཉེར་ཀླུབས་ཤིང་། ། བསླབ་གསུམ་ནོར་བུའི་རྒྱན་བཟང་ལེགས་སྤུད་པའི། ། ཤཱཀྱའི་སྲས་པོ་རིག་གྲོལ་བྱེད་པའི་ཁྱུ། ། ནོར་འཛིན་ལི་ཁྲིའི་ལང་ཚོར་འགོང་གྱུར་ཅིག ༨། འཛམ་གླིང་ཡངས་པའི་ཁྱོན་འདིར་ནང་མཚོན་དང་། ། མ་གེའི་སྐལ་ངན་མིང་ཡང་མི་གྲགས་ཤིང་། ། འགྲོ་ཀུན་ངན་སེམས་རྩུབ་རེག་ཀུན་ཞི་ནས། ། ཕན་ཚུན་བྱམས་བརྩེའི་འཛུམ་ཕྲེང་དགོད་གྱུར་ཅིག ། ༩བརྒྱ་ཕྲག་དགའ་བའི་དཔལ་ལྡན་ཕོ་བྲང་ཆེའི། ། ཆོས་སྲིད་དགེ་མཚན་འབུམ་དུ་རབ་རྒྱས་ཤིང་། ། ལས་ཅན་ཆོས་འབྱོར་བདེ་དགའི་དཔལ་ཡོན་ལ། ། ཅི་དགར་སྤྱོད་པའི་སྐལ་བཟང་མངོན་གྱུར་ཤོག ༡༠།རྒྱུ་སྦྱོར་འགྲོ་ཀུན་ཐེག་མཆོག་བཤེས་གཉེན་གྱི། ། མགོན་ལ་བསྟེན་ནས་བྱང་ཆུབ་ལམ་བཟང་གི ། བགྲོད་པ་དཀའ་བ་མེད་པར་མྱུར་རྫོགས་ཏེ། ། རྣམས་འདྲེན་སྟོབས་བཅུ་མངའ་བའི་དཔལ་ཐོབ་ཤོག༡༡། མདོར་ན་ཇི་སྲིད་ནམ་མཁའ་མ་ཟད་བར། ། རྒྱན་ཆད་མེད་པར་གྲངས་མེད་བཀོད་པ་ཡིས། ། འགྲོ་དོན་སྤྱོད་ལ་སྲས་བཅས་རྒྱལ་ཀུན་ལས། ། ལྷག་པར་དཔའ་བའི་འདྲེན་པ་མཆོག་གྱུར་ཅིག ། །།
       ཅིས་དགེ་བསྔོའི་དཔར་བྱང་སྨོན་ཚིག་འདི་བཞིན་ཁྱབ་བདག་འཁོར་ལོའི་མགོན་པོ་༈ཟབས་ཇེ་ཡོངས་འཛིན་ཕྱི་བྱང་རྡོ་རྗེ་འཆང་ཆེན་པོའི་གསུང་གཞིར་བཞག་ལ་ཚིག་ཟུར་ཅུང་ཟད་བཅོས་ཏེ་བྱིན་རླབས་ཀྱི་མཆན་ཁྱི་ཆེད་དུ་འགའ་ཤྲ་མཁན་ཟུར་བླ་ཏེ་སྤྲུལ་མིང་པས་བཀོད་པ་དགེ་ལེགས་འཕེལ། །
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]