ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> གནས་བཤད། >> ཀ་མདོ་གདོང་དམར་སྣའི་དགོན་གྱི་ལོ་རྒྱུས་ཀྱི་བཤད་པ་མདོར་བསྡུས་མུ་ཏིག་ཕྲེང་མཛེས །

ཀ་མདོ་གདོང་དམར་སྣའི་དགོན་གྱི་ལོ་རྒྱུས་ཀྱི་བཤད་པ་མདོར་བསྡུས་མུ་ཏིག་ཕྲེང་མཛེས །

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བློ་བཟང་བཤད་སྒྲུབ་རྒྱ་མཚོ །] [ཟླ་ཚེས། 10-05-27] [ཀློག་གྲངས། ]

༄༅། །བློ་ཆེན་རྒྱལ་བའི་གདུང་འཚོབ་མཆོག །           བཟང་པོའི་ལེགས་བཤད་རིན་ཐང་བྲལ། །

གྲགས་སྙན་འབྲུག་གི་ང་རོ་ཅན། །པ་སངས་རྣམ་གནོན་གུས་པས་མཆོད། །

གང་གི་གསང་གསུམ་ཡོན་ཏན་ལ། །འཇམ་དབྱངས་དགྱེས་ནས་བཞད་པ་ཡི། །

སྤྲུལ་རབས་གསེར་རིའི་ཕྲེང་བ་ལ། །ཤེས་ནས་དད་ཕྱག་འབུམ་དུ་བརྩེགས། །
བློ་ལ་ཉི་མའི་སྣང་བ་དང་། །ངག་ལ་སྨྲ་བའི་སྒོ་ཕྱེ་བའི། །

བཀའ་དྲིན་ནམ་མཁའི་མཐོངས་བརྒལ་བའི། །ཕ་གཅིག་གཙུག་གི་རྒྱན་དུ་མཆོད། །

ཀ་པའི་མདོ་ན་གདོང་དམར་བོའི། །སྣ་རྩེ་མིང་གི་ཅོད་པན་ཅན། །

དེ་ལ་ཆེད་དུ་བརྗོད་པའི་གཏམ། །མུ་ཏིག་ཕྲེང་བའི་རྒྱན་གྱིས་སྤུད། །

མདོ་རྒྱུད་རིག་པའི་གཞུང་རྣམས་སུ། །རབ་གསལ་ལེགས་པའི་ཆ་མཐུན་པ། །

ཉེ་རིང་ཕྱོགས་ཀྱི་ས་ཡི་དཔྱད། །བྱེད་པོས་ཆེད་དུ་བསྒྲིགས་པ་བཞིན། །

གསང་ཆེན་རྒྱུད་སྡེ་རྣམ་པ་བཞིར། །ལྷ་སྔགས་ཏིང་འཛིན་སྒྲུབ་པའི་གནས། །

ཇི་སྙེད་གསུངས་པ་ཞིབ་མོའི་བློས། །དཔྱད་ན་ཚང་བའི་ཁྱད་པར་མང་། །

རྒྱལ་སྲས་རྣམས་ཀྱིས་སྒྲུབ་པའི་གནས། །མི་ཕམ་མགོན་པོས་གསུངས་པ་བཞིན། །

ཚང་བ་ལས་ཀྱང་ཆེས་ལྷག་པའི། །དོན་གྱི་ཁྱད་ཆོས་མང་དུ་འཛོམས། །

ཕྱི་ནང་འབྱུང་བ་རྣམ་པ་ལྔར། །མ་བུ་དགྲ་གྲོགས་རྟེན་འབྲེལ་འཕྲུལ། །

སྤོར་ཐང་རྩིས་ཀྱི་གཞུང་ལས་ཀྱང་། །འདི་ལ་འོས་པའི་ཆེ་བ་མང་། །

ཕྱོགས་དང་ཕྱོགས་མཚམས་ཁོར་ཡུག་ན། །བཀྲ་ཤིས་རྟགས་ཀྱི་རྣམ་པ་ཀུན། །

བློ་ལྡན་དད་པའི་སྐྱེ་བོ་ལ། །འཕྲལ་དུ་བགྲང་བར་སྤོབས་པ་མང་། །

སྣང་སྲིད་དག་པར་སྡོམ་མཛད་པ། །ལྷན་སྐྱེས་བདེ་བ་མཆོག་གི་རྩལ། །

རྟེན་དང་བརྟེན་པར་འཁྲིགས་པ་ལས། །ཛ་ལནྔྷ་རའི་མཆེད་པོར་གྲུབ། །

དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །སྣང་སྲིད་ཟིལ་གནོན་སཾ་བྷ་ཝ། །

འདིར་བྱོན་གཏེར་སྒོ་བདུན་ཕྱེ་བའི། །ཤུལ་ཡང་ད་ལྟ་སྣང་བར་གྲག །

ཟབ་གསལ་མཉམ་ཉིད་ཀློང་བརྡོལ་བའི། །རང་གཅེས་དངོས་འཛིན་བཅས་པའི་བདུད། །

གཅོད་པའི་ཡེ་ཤེས་མཁའ་འགྲོ་མ། །ལབ་སྒྲོན་མའང་བྱོན་པར་གྲག །

དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི། །གདམས་པའི་ཆུ་མགོ་མཐར་ཐུག་པ། །

གྲུབ་པའི་ཁྱུ་མཆོག་ཕ་དམ་པའང་། །གནས་འདིར་བྱོན་པའི་གྲགས་པ་རྒྱས། །

མངའ་བདག་རྒྱལ་པོ་ཁྲི་རལ་ཅན། །བོད་ཀྱི་མཁས་པ་མི་གསུམ་དང་། །

ལྷ་ལུང་དཔལ་གྱི་རྡོ་རྗེ་ཡང་། །གནས་འདིར་བྱོན་ནས་ཞབས་ཀྱིས་བཅགས། །

བསྟན་པའི་མེ་རོ་སླར་གསོ་བའི། །བླ་ཆེན་དགོངས་པ་རབ་གསལ་དང་། །

ཚུར་ཕུའི་ཀརྨ་བཞི་བ་ཡང་། །གནས་འདིར་བྱོན་ནས་བྱིན་གྱིས་བརླབས། །
འཇམ་དཔལ་དབྱངས་ངོས་ས་པཎ་དང་། །རྒྱལ་དབང་བསོད་ནམས་རྒྱ་མཚོ་སོགས། །

བསམ་གྱིས་མི་ཁྱབ་དམ་པ་མང་། །གནས་འདིར་བྱོན་ནས་བྱིན་བརླབས་མཛད། །

སྟོན་པས་མཛད་པ་ཐ་མའི་གནས། །རྩྭ་མཆོག་གྲོང་དུ་དགོངས་པ་ལྟར། །

ཀུན་མཁྱེན་འཇིགས་མེད་དབང་པོ་ཡིས། །མྱང་འདས་སྒྱུ་མའི་རོལ་བ་བསྟན། །

འཇམ་མགོན་རྒྱལ་བའི་དབང་པོ་ཡི། །རྣམ་འཕྲུལ་གསུམ་ལྡན་རྡོ་རྗེ་འཛིན། །

འཇིགས་མེད་འཕྲིན་ལས་རྒྱ་མཚོ་ཡང་། །འདིར་བྱོན་བྱིན་རླབས་ཡང་ཡང་མཛད། །

ཁྱད་པར་ཡང་དར་བསྟན་པའི་སྐབས། །པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཡང་། །
འདིར་བྱོན་རབ་གནས་བཀྲ་ཤིས་ཀྱི། །མེ་ཏོག་ཆར་དུ་བསྙིལ་བར་མཛད། །

ཀུན་མཁྱེན་བཞད་པའི་རྡོ་རྗེ་ཡིས། །སྡེ་འདི་བདག་གིར་བཞེས་པ་ནས། །

ད་ལྟ་སྐུ་ཕྲེང་དྲུག་པས་ཀྱང་། །ཐུགས་རྗེའི་ལྕགས་ཀྱུས་དང་དུ་བཟུང་། །

སླད་མའི་ཆར་ཡང་བསྟན་པའི་ཁུར། །ཐེག་པའི་དགེ་འདུན་འདུས་པ་དང་། །

རྣམ་དག་བཤད་སྒྲུབ་ཟུང་འཇུག་གིས། །དགེ་ལྡན་བསྟན་པ་འབར་གྱུར་ཅིག །

མཁའ་ཁྱབ་སྐྱེ་དགུའི་སྙིང་བུམ་ལ། །རབ་བསིལ་བྱམས་བརྩེའི་ཆུས་གང་སྟེ། །

ནད་མཚོན་མུ་གེའི་མིང་ཙམ་ཡང་། །སྲིད་འདིར་གྲགས་པར་མ་གྱུར་ཅིག །

རྡོ་རྗེ་ཐོག་གི་རྩལ་འབར་བའི། །གནོད་སྦྱིན་དྲེགས་པ་ལྕམ་སྲིང་དང་། །

དགེ་བསྙེན་རྡོ་རྗེ་ལེགས་པ་ཡིས། །སྡེ་འདི་སྲུང་སྐྱོབ་གཡེལ་མེད་མཛོད། །
 

                             

                                                   བློ་བཟང་བཤད་སྒྲུབ་རྒྱ་མཚོས།
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]