ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> གནས་བཤད། >> བྲག་རི་བསམ་གཏན་གླིང་གི་གནས་བསྟོད།

བྲག་རི་བསམ་གཏན་གླིང་གི་གནས་བསྟོད།

[རྩོམ་གྱི་ཡོང་ཁུངས། ཙོང་ཆུའི་དྲ་བ།] [རྩོམ་པ་པོ། ཆེ་ཤོས་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེ།] [ཟླ་ཚེས། 11-02-28] [ཀློག་གྲངས། ]

        བློ་བདེ་རྒྱུད་དུལ་བསམ་གཏན་རྩེ་གཅིག་ཏུ། །གྲུབ་པའི་གནས་མཆོག་ངོ་མཚར་དགའ་བའི་གླིང་། །མཐོང་ཡངས་ཁམས་སངས་ཏིང་འཛིན་བརྟན་པོ་རྙེད། །རོ་བཅུད་ནུས་ལྡན་ཆབ་གཙང་ལེགས་ལྡན་གནས། ཀཱ་ཀོ་ལ་ཡི་དབྱིབས་འདྲའི་རི་བོའི་ངོས། །ཁ་དོག་པད་རཱག་ཞུན་མས་བྱུག་འདྲ་བའི།ག་ནས་བལྟས་ཀྱང་རྟ་མཆོག་མཎྜལ་དབྱིབས། །ང་ཡི་ཡབ་རྗེ་གོང་མའི་གདན་ས་འདིར། །ཅ་ལག་མཁོ་རྒུ་མང་པོ་མི་གཉེར་ཞིང་། །ཆ་ལུགས་རབ་བྱུང་གཙང་མའི་ཁྲིམས་དང་ལྡན། །ཇ་ཆང་སྲེད་ཞེན་ཆུང་བའི་སྤོང་བ་པ། །ཉ་རེ་ཅ་རེ་ཡོངས་སུ་བཀང་བར་སྨོན། །ཏ་ཐཱ་ག་ཏའི་བསྟན་ལ་ལེགས་ཞུགས་ནས། །ཐ་བ་དམུ་རྒོད་སྤྱོད་ཚུལ་རྩད་སྤངས་ཏེ། །ད་རེ་བསྟན་པའི་སྙིང་པོ་བསླབ་གསུམ་ལ། ན་རཀ་གནས་སུ་བཞུད་ཚེ་མི་འགྱོད་བསླབས། །པ་རཱ་མི་ཏའི་དགོངས་པ་རྒྱ་ཆེ་ཡང་། །ཕ་མའི་དྲིན་ལན་འཇལ་ཕྱིར་ཕྱོགས་རེ་ཙམ། །བ་སྤུ་ལྡང་བའི་བསམ་པས་ཁ་བཏོན་རེ། །མ་གྱུར་འགྲོ་བའི་དོན་དུ་བྱས་ན་འཚེང་། །ཙ་རི་ཏྲ་སོགས་གནས་ཆེན་བགྲོད་དཀའ་བས། །ཚ་གྲང་རེག་བྱ་མི་མྱོང་གནས་འདི་རུ། །ཛི་བིར་ལ་སོགས་ངན་ངག་ཅི་སྒོམ་ཡང་། །ཝ་ལར་འགྲུབ་ལ་སོམ་ཉི་ཅི་ཞིག་དགོས། །ཞྭ་སེར་བསྟན་པའི་སྙིང་པོ་རིམ་གཉིས་ནད། །ཟ་ཆོག་འཐུང་ཆོག་ཙམ་དུ་མ་གོ་བར། །འ་འུར་བཟླས་བརྗོད་གཙང་མའི་རྒྱུན་བསྲིང་ན། །ཡ་ཀི་སངས་རྒྱས་གོ་འཕང་རྒྱང་མི་རིང་། །ར་ལུག་བ་མཛོ་བསྐྱངས་པས་སངས་མི་རྒྱས། །ལ་ལུང་གཞན་ནོར་བསྐྲད་པས་ཨ་ཐང་ཆད། །ཤ་ཁྲག་ཟ་འདོད་གཡང་ལྷུང་སེམས་ཅན་རེ། །ས་འདིར་འོང་སྙམ་རང་མགོ་བཅོམ་ཉེན་ཆེ། །ཧ་ལ་ནག་པོའི་ཚིག་འཕྲེང་ཡ་མ་བརླ། །ཨ་ལགས་སྒོམ་ཆེན་ཐུགས་ཁམས་སངས་ཕྱིར་དང་། །ཧ་ཅང་སྙིགས་མའི་རང་མཚང་བརྡོལ་བ་ལ། །ཨ་རེ་ཕན་སེམས་སྤྱི་བརྟོལ་བསྐྱེད་ནས་བྲིས། །

         བླ་མ་འཇམ་དཔལ་དབྱངས་གང་ལ། །སྲས་བཅས་སངས་རྒྱས་ཉན་རང་དང་། །བསྟན་པ་གང་ལ་གཏད་པ་རྣམས། །གང་ལ་དྭངས་པས་ལན་བརྒྱར་དད། །ཡན་ལག་བརྒྱད་ལྡན་གང་གཱ་དང་། །ཙམྦ་ཀ་དང་མནྔྷ་ར། །ཙན་དན་དཀར་དམར་པཱ་ལ་ཤ། །སྣང་གསལ་བརྒྱ་ཕྲག་མཚར་མངར་གསལ། །ཨཥྵ་གནྔྷ་ཆབ་གཙང་སྦྱར། །ཞལ་ཟས་བཟའ་བཅའ་སྣ་མང་ལྡན། །སྒྲ་བརྙན་རྣ་བར་དབྱངས་སྙན་བཅས། །ལྷག་བསམ་དག་པས་བཤམ་ལ་གསན། །བྱམས་པས་སྐལ་ལྡན་བསྐྱངས་པར་འཚལ། །གནའ་ནས་ད་བར་ལས་ངན་གང་། །བྱས་དང་མ་བྱས་བསགས་མ་བསགས་། །བསླབ་པ་དང་འགལ་བཅས་འགལ་རྣམས། །བསམ་པ་ཐག་པས་རབ་བཤགས་ལགས། །འཕགས་པ་རྒྱལ་སྲས་ཉན་རང་དང་། །མཁའ་མཉམ་ཕ་མ་མཐའ་དག་གང། །གང་དག་རྣམ་དཀར་རབ་བསགས་པ། །ལྷག་པར་དགའ་བས་རངས་པ་བྱ། །ཟབ་གསང་གདམས་ངག་དལ་འབབ་ཆབ། །མ་དག་སྦྱང་སླད་མཚམས་བྲལ་བར། །བདག་ཅག་ལས་དབང་དང་འཚམས་པར། །ཟབ་རྒྱས་གདམས་པ་གནང་བར་འཚལ། །བླ་མ་འཇམ་དཔལ་སྐྱབས་སླད་རྟག་བརྟན་ནས། །ནམ་མཁའ་མ་ཟད་བར་གང་དག ། བདག་ཅག་སྐྱབས་སླད་རྟག་བརྟན་ནས། །གང་ལ་གང་ཕན་ཐབས་གནས་སྩལ། །གང་ལ་འབད་ནས་བསགས་པ་གང། །མཁའ་ལྟར་རབ་ཡངས་རྣམ་དཀར་ཆ། །མཐའ་དག་མ་རྒན་གཡང་ས་ལས། །བསྒྲལ་ནས་འཇམ་དཔལ་ཞལ་མཇལ་འཚལ། །ཇི་བཞིན་གཟིགས་ཤིང་ཇི་བཞིན་སྙིང་། །ཀུན་ཏུ་རྒྱུད་དུལ་བདུད་བཏུལ་དུས། །བདེན་ཞེན་རྟེན་འབྲེལ་ལེགས་ཕྱེ་སྟེ། །འགྲོ་བློ་རྣོ་མཆོག་ཐོབ་སྩོལ། །མཚར་མཚར་བྱ་དཀའི་རྒྱན་འཕྲེང་འདི། །བཟང་བཟང་དོན་གྱིས་ལེགས་བྱུག་པའི། །ལེགས་ལེགས་སྒེག་མོའི་དོ་ཤལ་དུ། །མཛེས་མཛེས་ཡིད་འཕྲོག་རྒྱན་འདི་སྤེལ། །
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]