ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> གནས་བཤད། >> བྲག་ཡེར་པ།

བྲག་ཡེར་པ།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དུང་དཀར་བློ་བཟང་འཕྲིན་ལས།] [ཟླ་ཚེས། 11-09-17] [ཀློག་གྲངས། ]

            བྲག་ཡེར་པ་ནི་གྲོང་ཁྱེར་ལྷ་སའི་ཉེ་འདབས་སྟག་རྩེ་རྫོང་ཁོངས་ཡིན་ལ། གྲོང་ཁྱེར་ལྷ་ས་ནས་རྩིས་པའི་བྱང་ཤར་མཚམས་ཀྱི་སྤྱི་ལེ་༤༥ཙམ་གྱི་སར་གནས་ཤིང་། ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་སྔོན་བྱོན་སྐྱེས་བུ་དམ་པ་དུ་མས་བྱིན་གྱིས་བརླབས་པའི་གནས་མཆོག་ཁྱད་པར་ཅན་ཞིག་ཡིན་པར་བརྟེན་ཕྱོགས་འགྲུལ་དད་མཇལ་ཞུ་མི་མང་ཞིང་། དེ་སྔ་ས་གནས་སྲིད་གཞུང་གི་རྩེ་ཡིག་ཚང་ལས་ཁུངས་ནས་ཐད་ཀར་འཛིན་སྐྱོང་བྱེད་པའི་གལ་ཆེའི་དགོན་གནས་གྲས་ཤིག་ཡིན། དེ་ནི་སྤྱི་ལོའི་དུས་རབས་བདུན་པའི་ནང་བཙན་པོ་སྲོང་བཙན་སྒམ་པོའི་བཙུན་མོ་མོང་བཟའ་ཁྲི་ལྕམ་ཡུམ་སྲས་ཀྱི་རྟེན་སྐལ་དུ་བཞེངས་ཤིང་། 《རྒྱལ་རབས་གསལ་བའི་མེ་ལོང》ནང་ཡུམ་སྲས(མོང་བཟའ་ཁྲི་ལྕམ་དང་སྲས་གུང་རུ་གུང་བཙན)གཉིས་ཐུགས་དམ་དུ་ཡེར་པའི་གནས་རི་བྲག་གི་དབྱིབས་ནི་འཕགས་མ་སྒྲོལ་མ་བཞུགས་པ་དང་འདྲ་བའི་པང་དུ་ལྷ་ཁང་དང་མཆོད་རྟེན་བཞེངས་ཏེ་རབ་ཏུ་གནས་པ་མཛད་ནས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་བསྟན་པའི་སྲོག་རྩ་གཅིག་པར་ཡབ(སྲོང་བཙན་སྒམ་པོ)ཀྱིས་སྨོན་ལམ་བཏབས་སོ་ཞེས་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་སུའང་མོང་བཟའ་ཁྲི་ལྕམ་གྱིས་ཡེར་པའི་གཙུག་ལག་ཁང་བཞེངས་ཞེས་གསལབ་བཅས་ཡུམ་སྲས་ཀྱི་རྟེན་སྐལ་དུ་བཞེངས་པའི་ལྷ་ཁང་ནི་མ་ཎི་ལྷ་ཁང་ཞེས་པ་དེ་ཡིན་འདུག་པ་དེའི་ནང་ཕ་བོང་ཞིག་ལ་རྡོ་དཀར་གོང་གི་མ་ཎི་ཡིག་དྲུག་འབུར་ཐོན་གྱི་རང་བྱོན་གསལ་བ་ཞིག་དང་། སྲོང་བཙན་དང་། རྒྱ་བཟའ། བལ་བཟའ་རྣམས་འཇིམ་སྐུ་མི་ཚད་སོགས་ཡོད། བྲག་ཡེར་པའི་བྲག་ཕུག་ལ་ཐུན་མོང་མིན་པའི་ངོ་མཚར་ལྡན་པ་དང་། བྲག་ཕུག་རེ་རེར་ལྷ་སྒྲུང་ལྟར་གྱི་སྙན་འཇེབས་ལྡན་པའི་ཤོད་རྒྱུན་རེ་ཡོད། དེའི་ནང་ནས་གྲགས་ཆེ་ཤོས་ཐབ་སྐས(ཉི་མ་ཕུག་ཡང་ཟེར)དང་ཟླ་བ་ཕུག་ནི་སློབ་དཔོན་པདྨ་འབྱུང་གནས་དང་ལྷ་ལྕམ་གཉིས་དང་། གུ་རུ་མཚན་བརྒྱད་སོགས་ཀྱི་སྐུ་བརྙན་ཡོད། ཆོས་རྒྱལ་བྲག་ཕུག་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྒྲུབ་ཕུག་ཡིན། དེའི་ནང་རིག་འཛིན་ཀུ་མ་རས་བཞེངས་པའི་སྐུ་རྒྱུ་ཤར་ལི་ཡིན་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་དང་། དེའི་ཕྱག་ན་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་གསུང་འབྱོན་ཟེར་བ་གཅིག་སོགས་ཡོད། ལྷ་ལུང་དཔལ་རྡོར་གྱི་སྒྲུབ་ཕུག་ནི། རྒྱལ་རབས་ཆོས་འབྱུང་ཁག་ནས་གསལ་བ་ལྟར་ན་ལྷུ་ལུང་དཔལ་གྱི་རྡོ་རྗེས་བཙན་པོ་གླང་དར་མ་མ་བཀྲོངས་གོང་སྒྲུབ་ཕུག་དེར་བཞུགས་ནས་སྒྲུབ་པ་མཛད་མྱོང་བ་དང་། གླང་མ་དར་མ་བཀྲོངས་རྗེས་བྲག་ཕུག་དེར་ཡིབ་ནས་བཞུགས་པ་ཡིན་ཟེར། དེར་ལྷ་ལུང་དཔལ་རྡོར་དང་། བེེ་རོ་ཙ་ནའི་འདྲ་སྐུ་ཡང་ཡོད། དེའི་གཞོགས་སུ་མགོན་པོ་བེར་སོགས་ཀྱི་འདྲ་སྐུ་ཡང་ཡོད། ལྷ་ལུང་དཔལ་རྡོར་ནི་བྲག་ཡེར་པར་བྱུང་བའི་སྒྲུབ་པ་པོའི་ནང་ནས་གྲགས་ཆེ་བ་ཞིག་ཡིན་པ་ནི། སྤྱི་ལོ་དུས་རབས་དགུ་པའི་དུས་དཀྱིལ་དུ་བཙན་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པས་ཡེར་པར་སྒྲུབ་པ་མཛད་བཞིན་པའི་ལྷ་ལུང་དཔལ་རྡོར་རབ་ཏུ་ཁྲོས་ཏེ་སྐད་ཅིག་ཉིད་དུ་ལྷ་སར་ཕེབས་ཏེ་ར་ས་འཕྲུལ་སྣང་གཙུག་ལག་ཁང་མདུན་གྱི་རྡོ་རིང་གི་ཡི་གེ་ཀློག་བཞིན་པའི་བཙན་པོ་གླང་དར་མ་མདའ་འཕེན་ཐེངས་གཅིག་ལ་བཀུམ། རྗེས་སུ་མདོ་ཁམས་ཁུལ་དུ་བྲོས་ཕེབས་ཏེ་སངས་རྒྱས་བསྟན་པའི་མེ་རོ་གསོ་ཕྱིར་མཛད་རྗེས་ཆེན་པོ་བཞག ཡེར་པའི་དྲིལ་བུ་ཆེན་པོ་དེ་ནི་ཡེར་པར་ཡོད་པའི་ཆེས་སྔ་བའི་རྩ་ཆེའི་རིག་དངོས་མང་དུ་ཡོད་པའི་ནང་ནས་གཅིག་ཡིན་ཞིང་། དྲིལ་བུ་དེའི་ཐོག རྒྱལ་བ་རྣམས་ཀྱི་དམ་པའི་ཆོས་འཛིན་ཅིང་། ། བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། ། བཟང་པོ་སྤྱོད་པ་རྣམ་པར་སྦྱང་བ་ཡང་། ། མ་འོངས་བསྐལ་བ་ཀུན་ཏུ་སྤྱད་པར་བགྱི། ། ཞེས་འཁོད་ཡོད་པ་མ་ཟད། སྣེ་པད་འདབ་ཀྱི་དབྱིབས་ལ་འདབ་མ་རེ་རེའི་ཐོག་བརྡུངས་ན་སྐད་མི་འདྲ་བ་རེ་ཐོན་རྒྱུ་ཡོད་པའི་ངོ་མཚར་ཅན་ཞིག་ཡིན་པའི་ལོ་རྒྱུས་ཟུར་དུ་ཡོད། ཕལ་ཆེར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་རིང་དྲིལ་བུ་འདི་ལུགས་སུ་བླུགས་པ་ཞིག་ཡིན་པར་མངོན། ཤོད་སྲོལ་གཞན་ཞིག་ལ་དྲིལ་བུ་འདི་སློབ་དཔོན་གྱིས་ཅོང་ཐང་སྤང་སྒང་ནས་གཏེར་ནས་བཞེས་པ་རེད་ཅེས་ཟེར་རྒྱུན་ཡང་འདུག གནས་བཅུ་ལྷ་ཁང་གི་ནང་དུ་ཡོད་པའི་གནས་བརྟན་བཅུ་དྲུག་ནི། དུས་རབས་བཅུ་པའི་མཇུག་ཏུ་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ་ཀླུ་མེས་འབྲོམ་ཆུང་གིས་ཁྲང་ཨན་རྒྱལ་སར་ཕེབས་ནས་གོང་མ་ཐང་ཐའི་ཙུང་གིས་གནས་བརྟན་དངོས་སུ་སྤྱན་དྲངས་སྐབས་བཞེངས་པའི་འདྲ་འབག་ལ་དཔེ་བཤུས་མཛད་དེ་ལྷ་སར་ཕེབས། དེ་ལ་དཔེ་བྱས་ཏེ་བྲག་ཡེར་པའི་གནས་བརྟན་བཅུ་དྲུག་གི་འདྲ་འབག་བཞེངས་པ་དེས་བོད་ཀྱི་གཙུག་ལག་ཁང་མང་པོར་འཕེལ་རྒྱས་བྱུང་། རྟེན་འབྲེལ་ཕུག་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྒྲུབ་ཕུག་ཡིན་ཞིང་། དེར་བཞུགས་རིང་འབྲོམ་རྔོག་གཉིས་མཇལ་ཏེ་རྟེན་འབྲེལ་ལེགས་པོ་བྱུང་བས་རྟེན་འབྲེལ་ཕུག་ཏུ་གྲགས། ཨ་ཏི་ཤའི་ཆོས་ཁྲི་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་ཨ་ཏི་ཤ་བོད་དུ་ཕེབས་ནས་ཡེར་པར་བཞུགས་རིང《བཀའ་གདམས་ཕ་ཆོས》དང་《བུ་ཆོས》སོགས་ཆོས་མང་དུ་གསུངས། འབྲོམ་སྟོན་པ་སོགས་སློབ་མ་ཉུང་ཤས་ལ་བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་མན་ངག་ཐིག་ལེ་བཅུ་དྲུག་གི་དབང་དང་མན་ངག་དང་། རྔོག་ལེགས་པའི་ཤེས་རབ་ཀྱིས་ཇོ་བོ་ཡབ་སྲས་ལ་མཎྜལ་ཕུལ་ཏེ་གསོལ་བ་བཏབ་པར་ཇོ་བོས་འབྲོམ་གྱི་སྐྱེས་རབས་ཟབ་མོ་དང་། འབྲོམ་གྱིས་སྤྲུལ་པའི་གླེགས་བམ་ཞེས་བཀའ་རྒྱ་ཤིན་ཏུ་དམ་པར་མཛད་པ་དེང་སང་བཀའ་གདམས་གླེགས་བམ་དུ་གྲགས་པ་དེ་བཅས་གསུང་སྐབས་ཇོ་བོའི་བཞུགས་ཁྲི་ཡིན་པ་ད་ལྟའང་ཤུལ་བསྡད་ཡོད། བྱམས་ཁང་ནི་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་མ་ཕེབས་གོང་བསྟན་པ་སྔ་དར་གྱི་དུས་འགོར་ཁམས་ནས་ཕེབས་པའི་དམར་སྟོན་ཆོས་ཀྱི་འབྱུང་གནས་ཀྱིས་བཞེངས། ནང་དུ་གཙོ་བོ་བྱམས་པ་དང་འཁོར་སེམས་དཔའ་དྲུག་དང་། སེམས་མ་དྲུག སྒོ་སྲུང་རྟ་མགྲིན་བཅས་ཡོད་པ་ཤིན་ཏུ་བྱིན་ཅན་དུ་བརྩི། བྲག་ཡེར་པའི་རྟེན་གཙོ་བོ་ནི་ཡེར་པའི་དཀར་ཆག་ཏུ་འཁོད་པ་ལྟར་ན་སྐུའི་རྟེན་སྤེའུ་དམར་སེར་གཉིས་དང་། གསུང་གི་རྟེན་ཡིག་དྲུག་འབུམ། ཐུགས་ཀྱི་རྟེན་མཆོད་རྟེན་གསུམ། ཆོས་སྐྱོང་རྟེན་ཤུག་པའི་ནགས་ཚལ། ཏིང་ངེ་འཛིན་སྒོམ་པ་ལ་འོད་ཀྱི་བྲག་ཕུག་བརྒྱ་རྩ་བརྒྱད་སྤྲུལ། འཕྲིན་ལས་ཀྱི་རྟེན་དུ་རི་བོ་སྒྲོལ་མའི་སྐུར་སྤྲུལ་ཡོད། ཡེར་པའི་གནས་ཀྱི་གལ་ཆེ་རང་བཞིན་སྐོར《ཡེར་པའི་དཀར་ཆགས》ནང་། གཞན་དུ་ལོ་བརྒྱ་བསྒོམས་པ་ལས། ལྷ་ས་བོད་ཀྱི་སྲོག་ཤིང་ཡིན། ལྷ་སའི་སྲོག་ཤིང་ཡེར་པ་ཡིན་ཟེར་བ་སོགས་ལྷ་སར་ཉམས་པ་གང་ཞིག་བྱུང་ཡང་ཡེར་པར་དེ་དང་འཚམས་པའི་ཉམས་གསོ་བྱ་རྒྱུ་ཡོད་པའི་སྐོར་ཤོད་རྒྱུན་མང་དག་ཅིག་བཀོད་འདུག་ཀྱང་འདིར་ཚང་མ་མ་བཀོད། གོང་བཀོད་དེ་དག་དངོས་དང་མཐུན་པ་ཞིག་མིན་རུང་། ཡེར་པའི་གནས་བབས་ཀྱི་གལ་ཆེའི་རང་བཞིན་གསལ་སྟོན་བྱས་ཡོད། ཡེར་པ་གྲྭ་ཚང་ནི། རབ་བྱུང་བཅུ་གཅིག་པའི་མེ་ཕག་༡༦༤༧ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་དགའ་ལྡན་གསང་སྔགས་ཡང་རྩེ་ཞེས་པའི་དགེ་ལུགས་དགོན་པ་ཕྱག་བཏབ། ཕྱིས་ཡེར་པ་གྲྭ་ཚང་ཟེར། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོའི་གོང་གྲྭ་གྲངས་༡༠༨ཙམ་ཡོད་པ་དང་། ད་དུང་དུས་རབས་བཅོ་བརྒྱད་པར་དགའ་ལྡན་ཁྲི་ཐོག་ང་གཅིག་པ་རྟ་འོན་དཔལ་ལྡན་གྲགས་པས་བཞེངས་པའི་རྒྱུད་སྟོད་ཀྱི་ཚོགས་ཁང་ཡང་ཡོད། ཡེར་པའི་གནས་མཆོག་ཆགས་སའི་ཡུལ་ལྗོངས་ནི་རྔམ་བརྗིད་གཡང་གཟར་ཆེ་ལ་ཆགས་དབྱིབས་སྣ་ཚོགས་པའི་བྲག་རིའི་ལྡེབས་སུ་སྒྲུབ་ཕུག་མིང་ཅན་རྣམས་དང་སེ་བ་ལ་སོགས་ནགས་ཚལ་རབ་ཏུ་རྒྱས་པ། འབབ་ཆུའི་རྒྱུན་བཟང་ལས་ལྷུང་ལྷུང་གི་སྒྲ་སྙན་སྒྲོག་པ། དཔྱིད་དབྱར་གཉིས་སུ་སྤང་ལྗོངས་ནེ་ཙོའི་གཤོག་པ་བརྐྱངས་པ་འདྲ་བའི་སྟེང་དུ་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་བ། ཁུ་བྱུག་དང་། འཇོལ་མོ་ལ་སོགས་འདབ་ཆགས་རྣམས་གྲེ་འགྱུར་འགྲན་ཞིང་། བྱ་རྒོད་དང་གོ་བ་སོགས་གཤོག་རྩལ་ངོམ་པ། གནའ་བ་དང་། གླ་བ་སོགས་བྱ་རིགས་དྭགས་རྣམས་ཅི་དགར་བག་ཕེབས་ཀྱིས་རྒྱུ་ཞིང་། སེ་འབྲུ་རྣམས་སྨིན་པའི་ཚེ་མངར་བའི་རོ་ལ་ཆགས་པའི་བྱིས་པའི་ཚོགས་ཀྱིས་ཅི་དགར་འཐོག་པ། སྨུགས་སྤྲིན་གྱིས་མགུལ་བར་དཀྲིས་པའི་བྲག་རི་རྣམས་ནི་ལྷག་པར་ཡིད་དབང་འཕྲོག་པ། སྨན་གྱི་རྩི་ཤིང་དང་མེ་ཏོག་དག་ལས་དྲི་བསུང་ཀུན་ཏུ་འཐུལ་བ། དད་མཇལ་བ་དང་། ཡུལ་སྐོར་སྤྲོ་གསེང་མཁན་རྣམས་པདྨར་བུང་བ་འདུ་བ་ལྟར་གང་ས་ནས་འདུ་བའི་མཛེས་ལྗོངས་ཤིག་ཡིན། དེ་གར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་འདུས་ཚོགས་ནས་ལོ་ལྟར་དབྱར་ཕྱི་མ་ཞལ་བཞེས་མཛད་པ་དང་འབྲེལ་གྲྭ་གསར་ཚོས་ཐིག་རྩ་དང་རྟ་དབྱངས་ཀྱང་སྦྱོང་དགོས་ཀྱི་ཡོད། ལོ་རེའི་བོད་ཟླ་བདུན་པའི་ཚེས་བཅུའི་ཉིན་ཡེར་པ་གྲྭ་ཚང་ནས་ཡེར་པ་ཚེས་བཅུ་ཞེས་གནས་དེར་དམིགས་བསལ་གྱི་དུས་ཆེན་ཞིག་བྱེད་སྲོལ་ཡོད་ལ་དེ་སྐབས་ལྷ་ས་ཁུལ་དང་། ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས་བཅས་འདུ་འཛོམས་ཀྱིས་དེ་ཉིན་ཇོ་བོ་རྗེ་ཨ་ཏི་ཤའི་འདྲ་སྐུ་གཙོ་བཞུགས་ཀྱི་ཐང་ཀ་འགྲེམས་པ་དང་། ཨ་ཏི་ཤའི་གསོལ་སྡེར་ཀོ་སྡེར་ནང་ཨ་ཏི་ཤའི་འདྲ་སྐུ་གསེར་བྲིས་ཡོད་པ་སོགས་ལ་དད་མཇལ་ཞུ་བ་དང་། ལྷ་རིར་བསང་གསོལ། དགོན་པའི་གར་འཆམ་ལ་བལྟ་བ་བཅས་བྱེད་སྲོལ་ཡོད་ལ་སྐབས་དེར་ལོ་རེས་མོས་ཀྱིས་ལྷ་སའི་ལྕགས་པོ་རི་དང་སྨན་རྩིས་ཁང་གི་སྨན་སློབ་དགེ་སློབ་རྣམས་སྨན་འཐོག་ཏུ་ཕེབས་པ་སོགས་གནང་སྲོལ་འདུག དེ་ཡང་རིག་གནས་གསར་བརྗེའི་སྐབས་གཏོར་སྐྱོན་ཚབས་ཆེན་ཕོག་སྟེ་གྱང་ཧྲུལ་དུ་སོང་ཡང་གནས་མཆོག་འདི་ཉིད་ཀྱི་བསྟན་པ་སྔ་དར་དང་ཕྱི་དར་ཚང་མའི་ནང་གལ་ཆེའི་གནས་བབ་བཟུང་ཡོད་པ་དང་། བོད་བརྒྱུད་ནང་བསྟན་གྱི་གནས་མཆོག་རྙིང་པའི་གྲས་ཤིག་ཡིན་པས་ད་བར་རིམ་གྱིས་ཉམས་གསོ་བྱས་ཏེ་ཡུལ་སྐོར་བ་དང་གནས་མཇལ་བ་དུ་མ་མཐའ་བཞིའི་ཡུལ་གྲུ་ཁག་ནས་གནས་འདིར་ཡོང་བཞིན་ཡོད་པ་བཅས་སོ། 

 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]