ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> ཐོར་བུ། >> མཆོད་མེ་འབུལ་བའི་སྐོར།

མཆོད་མེ་འབུལ་བའི་སྐོར།

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་དཔལ་ལྡན་གྲགས་པ།] [ཟླ་ཚེས། 12-02-21] [ཀློག་གྲངས། ]


དྲི་བ། མཆོད་མེ་ཕུལ་ན་ཕན་ཡོན་དམིགས་བསལ་གང་ཡོད་ལགས། 
ལན༑ དམིགས་བསལ་ལ་རང་གཞན་ཀུན་གྱི་མ་རིག་པའི་མུན་པ་བསལ་བ་དང་། ཤེས་རབ་ཀྱི་སྣང་བ་ཇེ་གསལ་ཇེ་རྒྱས་སུ་འགྲོ་ཞིང་། མངོན་ཤེས་མྱུར་དུ་ཐོབ་པ་སོགས་ཀྱི་ཕན་ཡོན་ཡོད་པར་གསུངས།
དྲི་བ། མཆོད་མེད་ལ་མར་དང་སྣུམ་ཚི་ལུ་གང་བྱུང་ན་འགྲིག་གམ།
ལན༑ མར་སྣུམ་གཉིས་ཡུལ་དུས་ཀྱི་དབང་གིས་རིན་ཐང་ཆེ་ཆུང་ཡོང་བ་ལྟར་བསོད་ནམས་བསག་པར་ཁྱད་ཡོད་པ་ལས། མཆོད་མེ་ལ་གཉིས་ཀ་འགྲིག་ཀྱང་། ཚི་ལུ་ནི་སྤྱིར་བཏང་མི་འགྲིག་པར་སེམས།
དྲི་བ། མཆོད་མེའི་སྡོང་རས་དེའི་རྒྱུ་ལ་གང་དགོས་ལགས།
ལན༑ ཡོངས་གྲགས་སྲིན་བལ་ཟེར་བ་དེ་དང་། ལོ་མའི་རིགས་ཀྱང་ཡོད། རས་ཀྱིས་ཀྱང་རུང་། འོན་ཀྱང་འབུ་རས་དང་དེའི་རྒྱུ་སོགས་མེས་ཚིག་ན་ཤ་ཚིག་གི་དྲི་མ་ཅན་གྱི་རིགས་ནི་མི་རུང་སེམས།
དྲི་བ། མཆོད་མེའི་སྡོང་རས་ལ་སྲོག་ཤིང་ཡོད་མེད་ཀྱི་ཁྱད་པར་ཡོད་དམ།
ལན༑འདིའི་སྐོར་ཡང་རྗེ་གུང་ཐང་བསྟན་པའི་སྒྲོན་མེའི་གསུང་(པོད༑ཇ༽གོང་གི་གསུང་ལེའུ་ཚན་ཐོར་བུ་སྣ་ཚོགས་༢༦ན ༢)དུ། མར་མེ་གཙོ་བོ་འོད་ཕུལ་བ་ཡིན་ཀྱང་རྒྱུའི་ཞུན་མར་དང་འབྲུ་མར་ཡང་ཁ་དོག་ལེགས་པ་དྲི་རོ་ཕུན་སུམ་ཚོགས་པ་དེ་ལྟ་བུ་བྱུང་ན་བསོད་ནམས་རྫོགས་ཚབ་ལྷག་པར་ཆེའོ། །
     མར་མེའི་སྡོང་བུའང་གསེར་དངུལ་སོགས་ལས་བྱས་པའམ། སྔ་མ་འགའ་ཞིག་ཤེས་རབ་ཕུན་སུམ་ཚོགས་པའི་ཕྱིར་རྒྱ་ཁབ་ཀྱི་སྟེང་དུ་རས་བལ་གྱིས་དཀྲི་བའང་ཡོད་ལ། མ་མཐའ་འང་དྲི་བཟང་པོའི་ཤིང་ཧ་ཅང་སྦོམ་པ་མ་ཡིན་པ་དྲང་ཞིང་རླན་མེད་པའི་སྟེང་དུ་རས་བལ་གྱིས་དམ་ལྷོད་སྙོམས་པར་དྲིལ་ཏེ་རིང་ཐུང་ཀོང་བུའི་ཚད་ལ་དཔག་པས་ཇི་ལྟར་འཚམ་པ་བྱ། མར་མེའི་སྡོང་བུ་ལ་སྲོག་ཤིང་དགོས་མི་དགོས་ཀྱི་དོགས་པ་བྱེད་ཀྱང་། དེ་མེད་པར་རས་བལ་གྱིས་ཚོ་མི་ཟིན་པས་འོས་མེད་ཀྱིས་འགྲུབ་ལ། ལུང་འགའ་ཞིག་ཏུ་མར་མེའི་སྡོང་བུ་ལ་ཤིང་བལ་གྱི་འདབ་མས་དཀྲི་བར་གསུངས་པ་སྡོང་བུ་སྤྱི་ཙམ་ལ་མི་འགྲིག་པས་ནང་གི་སྲོག་ཤིང་ལ་བྱེད་དགོས་པ་དང་། མགོན་པོའི་གཏོར་ཆོག་ཏུ་ཡི་དྭགས་ཀྱི་ཕུང་པོ་སྲོག་ཤིང་གི་ཚུལ་དུ་བྱས་ནས་སྐྲའི་རས་ཀྱིས་དཀྲི་བར་གསུངས་པའི་རིགས་འགྲོས་ཀྱིས་ཀྱང་ཤེས་སོ། ། ལ་ལ་འོད་མེད་པར་མེ་མ་ཤི་ཙམ་གྱིས་རྒྱུན་གང་རིང་བྱེད་པ་མི་ལེགས་ལ། སྡོང་བུ་ཧ་ཅང་སྦོམ་པས་མྱུར་དུ་འབར་བའང་མི་བྱེད་པར། འོད་གསལ་བའི་སྟེང་ནས་དལ་འབར་བྱས་ན་ལེགས་པར་བཀའ་གདམས་ཀྱི་བསྟན་རིམ་ལས་གསུངས། ཞེས་སོགས་གསུངས་པ་ལས་ལེགས་པར་གོ་ནུས་སོ། །
དྲི་བ་མཆོད་མེའི་འོད་ལ་ཕྱེ་ལེབ་སོགས་འབུ་སྲིན་མང་པོ་ཤི་འགྲོ་གིན་འདུག་པར་དེའི་ཐོག་དགོངས་ཚུལ་ཇི་ཡོད་ལགས།
ལན༑ འདི་ནི་མཁས་དབང་ངག་དབང་བློ་བཟང་མཁས་གྲུབ་ཀྱི་གསུང་(པོད༑ ང༽མཆོད་གཏོར་བཤམ་ཚུལ་བསོད་ནམས་སྒོ་འབྱེད་༡༡ བ་༣)དུ ། དེང་སང་ཕལ་མོ་ཆེས་དབྱར་དུས་སུ་རྟེན་གྱི་དྲུང་དུ་མར་མེ་ཆེ་ཆུང་རྣམས་འོད་ཁང་མེད་པར་བཞག་པ་དེའི་ནང་དུ་ཕྱེ་ལེབ་སོགས་སྲོག་ཆགས་ཕྲ་མོ་བརྒྱ་སྟོང་དུ་མ་པདྨོའི་མཚོ་ལ་ངང་བའི་ཁྱུ་བཞིན་དུ་འཁོར་ཞིང་འོངས་ནས་ལྷུང་ཞིང་འཚེད་པ་ནི། ཇི་ལྟར་དམྱལ་བའི་ཟངས་ཞུན་བསྐོལ་བར་དེའི་སེམས་ཅན་ཆར་བཞིན་དུ་བབས་ཤིང་འཇུག་པའི་ངང་ཚུལ་ལྟར་གྱུར་པས་ན། རྟེན་གྱི་དྲུང་དུ་སེམས་ཅན་མང་པོ་གསོད་པའི་སྟ་གོན་ཤེས་བཞིན་དུ་བཤམས་ནས་ཤི་རོ་དུ་མས་མཆོད་མེ་རྨེ་བར་བྱེད་པ་སོགས་ལ་ཅི་ཡང་མི་སེམས་པར། ད་དུང་སྲོག་ཆགས་དེ་རྣམས་ལ་ཚིག་པ་ཟོས་ནས་སེམས་ཅན་ལས་ཀྱིས་ཤི་བ་ཐབས་ཅི་ཡོད་སྙམ་དུ་སེམས་ཤིང་སྨྲ་བར་བྱེད་པ་དག་གིས་ཕྱུགས་བསད་མཆོད་སྦྱིན་གྱི་གཟུགས་བརྙན་ལྟ་བུའི་མཆོད་མེ་སྤར་བ་ལས་ཕན་ཡོན་ཆེན་པོ་མི་ཐོབ་ཀྱི། སེམས་ཅན་གྱི་སྲོག་ཡལ་བར་དོར་བའི་བསམ་པ་དང་། སངས་རྒྱས་ཀྱི་བཅས་པ་འོད་ཁང་མེད་པར་མར་མེ་བཞག་མི་རུང་བར་གསུངས་པའི་བཀའ་ལ་བསམ་བཞིན་དུ་ཁྱད་དུ་བསད་པའི་མི་དགེ་བ་ཆེན་པོ་གསོག་པར་འགྱུར་རོ། ། མདོར་ན་ཕྱི་ནང་གི་གཙང་སྦྲ་གང་ཐོན་གྱི་ངོས་ནས་མཆོད་གཏོར་རྣམས་ཚུལ་བཞིན་དུ་བཤམས་འཕྲལ་ཆབ་ཀྱིས་བྲན་ལ་བསངས་ཀྱིས་བདུག ། གྲིབ་སྲུང་གི་རྫས་ཀུ་ཤ་དང་རྨ་བྱའི་སྒྲོ་སོགས་ཉེ་འཁོར་དུ་བཞག ། བགེགས་མི་འཇུག་པའི་ཆེད་དུ་མདོ་སྔགས་གང་རིགས་ཀྱི་བྱིན་རླབས་བྱ། ཞེས་སོགས་གསུངས་པ་ལྟར། འོད་ཁང་སོགས་ཀྱིས་ཐབས་ཤེས་མ་བྱས་ན་ཕན་ཡོན་ལས་ཉེས་དམིགས་ཆེ་བ་འགྱུར་ཉེན་ན། ཁང་བའི་སྒོ་དང་སྒེའུ་དག་དང་། མཆོད་མེའི་ཉེ་སྐོར་བཅས་གང་འགབ་ཏུ་ལྕགས་དྲས་གཡོགས་པ་སོགས་ཐབས་ཤེས་གང་ཡོད་བྱ་དགོས། གལ་ཏེ་ཐབས་ཤེས་གཞན་མེད་པར་བྱ་བ་དེས་སེམས་ཅན་མང་པོའི་སྲོག་ལ་གནོད་ན། བྱ་བ་དེས་དཀོན་མཆོག་མཉེས་ཐབས་མེད་པས་རེ་ཞིག་བོར་ན་ལེགས་སམ་སྙམ། །
དྲི་བ། མཆོད་མེ་ཐོག་མར་སྤར་དུས་བསམ་བློ་གང་འདྲ་བཏང་དགོས་ལགས།
ལན༑ འདི་ཕུལ་བ་ལ་བརྟེན་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་ཐམས་ཅད་སེལ་བ་དང་། བླང་དོར་གྱི་གནས་ཇི་བཞིན་གསལ་བའི་ཤེས་རབ་དྲི་མ་མེད་པ་མྱུར་དུ་ཐོབ་པར་ཤོག་ཅིག་བསམ་ཐུབ་ན་ལེགས། །
དྲི་བ། མཆོད་མེ་འབུལ་དུས་དམིགས་བསལ་ཅི་འདོན་དགོས་ལགས།
ལན༑ མཆོད་པའི་འགྱུར་སྔགས་གོང་གསལ་ལྟར་དང་། བྱུང་ན་མཆོད་མེ་འབུལ་བའི་ཚིགས་བཅད་འདྲ་མིན་ཡོད་པ་ལས་གང་འོས་ཤིག་འདོན་རྒྱུར།
དྲི་བ། དེང་སང་གློག་སོགས་ཀྱིས་མཆོད་མེའི་ཚབ་བེད་སྤྱོད་བྱེད་ཀྱིན་འདུག་པ་ཕན་ཡོན་ལ་ཁྱད་པར་ཡོད་དམ།
ལན༑ ནོར་བུའི་འོད་སོགས་ཀྱང་སྣང་གསལ་གྱི་མཆོད་པ་ལེགས་ཤོས་སུ་གསུངས་པས་གློག་འོད་སོགས་ཀྱང་མཆོད་མེའི་ཚབ་བྱེད་ན་འགྲིག་ངེས་མ་ཟད། ཕྱེ་ལེབ་སོགས་འབུ་སྲིན་ཤི་བའི་ཉེས་དམིགས་ཀྱང་མེད་པར་ཆེས་ལེགས་པར་སྣང་། ཕན་ཡོན་གྱི་ཁྱད་པར་ནི་རྒྱུ་དངོས་བཟང་ཞན་རིན་ཐང་ཆེ་ཆུང་སོགས་དང་གཙོ་བོ་ཀུན་སློང་གི་ཁྱད་པར་ལ་རག་ལས་པར་སྙམ།།
དྲི་བ། མཆོད་ཀོང་རྒྱུ་གནས་གོང་ཆེ་བ་ལ་ཕན་ཡོན་ཆེ་བ་ཡོད་དམ།
ལན༑ མཆོད་སྣོད་སོགས་ཇི་ཙམ་རིན་ཐང་ཆེ་ཞིང་གཙང་བ་དང་བཟོ་བཀོད་ལེགས་པ་བྱུང་བ་དེ་ཙམ་གྱིས་བསོད་ནམས་བསག་པ་ལ་རླབས་ཆེ་བར་གསུངས་སོ།། །།

 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]