ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཙོང་ཆུའི་དྲ་བ། >> ཐོར་བུ། >> གཟུགས་ཀྱི་ཆུང་མཐའ་དང་དུས་ཀྱི་ཐུང་མཐའ་སོགས་ལས་བརྩམས་པའི་དྲི་ལན་རྗེ་ཉིད་ཀྱིས་མཛད་པ་བཞུགས་སོ། །

གཟུགས་ཀྱི་ཆུང་མཐའ་དང་དུས་ཀྱི་ཐུང་མཐའ་སོགས་ལས་བརྩམས་པའི་དྲི་ལན་རྗེ་ཉིད་ཀྱིས་མཛད་པ་བཞུགས་སོ། །

[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྗེ་ཙོང་ཁ་བ།] [ཟླ་ཚེས། 13-05-25] [ཀློག་གྲངས། ]

             ༄༅། །སསྟི་པྲ་ཛ་བྷྱཿའཇིག་རྟེན་གསུམ་ན་སངས་རྒྱས་གཉིས་པ་ཞེས། ། གང་གི་མཆན་གྱིས་རྣ་བའི་ལམ་མཛེས་པ། ། དབྱིག་གཉེན་ཉིན་བྱེད་གསུང་གི་འོད་ཟེར་ཚོགས། ། ད་དུང་གདུལ་བྱའི་གླིང་ན་གསལ་གྱུར་ཅིག ། ཀུན་མཁྱེན་དེ་ཡིས་དཔག་ཚད་ལོ་དང་ནི། ། དེ་དག་བརྗོད་པའི་ཐ་སྙད་མཚོན་པའི་སླད། ། གཟུགས་མིང་དུས་མཐའ་རྡུལ་ཡིག་སྐད་ཅིག་དང་། ། དྲུག་ཚན་ཉི་ཤུའི་སྐད་ཅིག་གསུངས་པ་དང་། ། ཉིན་བྱེད་དབང་པོ་བྱང་དུ་ཕྱོགས་པ་ཡི། ། དབྱར་ཟླ་གཉིས་པའི་ཐ་མའི་ཆོས་དགུ་དང་། ། དབྱར་འབྲིང་ཉ་ལ་རྒྱུ་སྐར་གང་བྱུང་དང་། ། གཞན་ཡང་ཉིན་མཚན་ཐོག་མཐའ་གང་ཡིན་ཞེས། ། གསུང་རབ་དགོངས་དོན་རགས་དང་ཕྲ་བ་རྣམས། ། རྣམ་དག་རིགས་པའི་རྗེས་འབྲངས་ཕྲ་བའི་བློས། ། མ་འདྲེས་འབྱེད་པར་ནུས་པའི་སྤོབས་པ་ཅན། ། གང་དེས་དྲིས་པའི་དོན་རྣམས་འདི་ལྟར་ཁུམས། ། གཟུགས་ཀྱི་ཆུང་མཐར་བཞག་པའི་ཕྲ་རྡུལ་ནི། ། ཤར་ལ་སོགས་པའི་ཆ་དང་བྲལ་བ་སྟེ། ། དེ་ཡང་ཇི་སྲིད་ཕྱོགས་ཀྱི་ཆ་ཡོད་པ། ། དེ་སྲིད་ཆུང་མཐར་བཞག་ཏུ་མི་རུང་ཕྱིར། ། དུས་མཐའི་སྐད་ཅིག་རྒྱུ་ཚོགས་དུ་མ་ཡིས། ། འབྲས་བུ་བསྐྱེད་པའི་ཡུན་དང་སེ་གོལ་གཅིག ། རྫོགས་པའི་དུས་ལ་རེ་ལྔར་བྱས་པ་ཡི། ། ཆ་གཅིག་དང་ནི་རྡུལ་གཅིག་གོ་འཕོས་དང་། ། མཉམ་པའི་ཤེད་ཀྱིས་བལ་ཉག་གཅིག་གཅོད་པའི། ། ཡུན་ལ་བཤད་པའི་རྣམ་གྲངས་མང་ཡོད་ཀྱང་། ། མདོར་ན་དེ་ལས་ཐུང་བ་བྱར་མེད་པའི། ། དུས་གཅིག་མཚོན་པར་བཞེད་ནས་དེ་དག་གསུངས། ། མིང་མཐའ་ཡི་གེར་བཞག་པའི་དཔེ་བརྗོད་ལ། ། རང་གི་འགྲེལ་བར་བ་ལང་བཞིན་ནོ་གསུངས། ། འདི་ནི་ཡི་གེ་དུ་མ་ཚོགས་པའི་ཕྱིར། ། དོན་འདི་ད་དུང་ཁོ་བོ་དཔྱོད་པའི་སྐབས། ། དྲུག་ཚན་ཉི་ཤུའི་སྐད་ཅིག་ཚོགས་པ་ནི། ། དེ་ཡི་སྐད་ཅིག་ཅེས་པའི་ཐ་སྙད་བཏགས། ། དུས་མཐའི་སྐད་ཅིག་བརྒྱ་དང་ཉི་ཤུའི་མིང་། ། འདི་ནི་དུས་མཐའ་རྟོགས་ན་ཐེ་ཚོམ་བྲལ། ། དབྱར་ཟླ་གཉིས་པའི་ཐ་མའི་ཚེས་དགུ་དང་། ། དེ་བཞིན་དགུན་ཟླ་བཞི་པའི་ཚེས་དགུ་ལ། ། དབྱར་དགུན་ཉི་མ་ལྡོག་པར་གསུངས་པའི་དུས། ། སྟོན་དཔྱིད་ར་བའི་དཀར་ཚེས་དགུ་ལ་ཡིན། ། ཟླ་བ་དེ་གཉིས་ཉི་མ་གང་ལོག་པའི། ། ཟླ་བ་དེ་ཉིད་ཡིན་པར་མང་པོ་འདོད། ། འོན་ཀྱང་མཛོད་ཀྱི་དགོངས་པ་ཁྲུམས་དང་ཁྲའི། ། ཟླ་བ་ཡིན་པར་རྒྱ་དཔེར་སྣང་ངོ་ཞེས། ། བདག་གི་བླ་མ་ནམ་མཁའ་བཟང་པོ་བཞེད། ། དེ་ལྟ་ན་ནི་དབྱར་འབྲིང་ཉ་ཡི་དུས། ། ཆུ་སྟོད་ཟླ་བ་ཡིན་པར་ཤེས་པར་འགྱུར། ། ཚུལ་དེ་མདོ་རྩའི་རྒྱ་དཔེ་ལས་ཀྱང་གསུངས། ། གདགས་གཞག་མཛོད་དང་ཉི་མའི་སྙིང་པོ་དང་། ། མེ་ཏོག་ཕྲེང་རྒྱུད་མདོ་རྩ་ལོ་དྲི་བ། ། འགྲེལ་ཆེན་སོགས་ནས་གསུངས་པའི་དུས་ཚོགས་ཀྱི། ། རྣམ་གཞག་རྒྱས་པར་གཞན་དུ་སྤྲོ་བར་འདོད། ། དེ་ཕྱིར་འདིར་ནི་ས་བོན་ཙམ་ཞིག་བསྟན། ། འདི་དང་དེང་སང་ཉི་མའི་ལྡོག་དུས་གཉིས། ། ཆེས་ཆེར་མི་མཐུན་གྱུར་བ་མཐོང་ནས་ནི། ། རྔམས་དེ་སུན་འབྱིན་བྱེད་རྣམས་རེ་ཞིག་བཞག ། ཉིན་གྱི་དང་པོ་སྐྱ་རེངས་དང་པོ་དང་། ། ཐ་མ་ཉི་མ་ནུབ་པའི་མཐའ་ལ་བཤད། །དེ་ཡིས་མཚན་གྱི་ཐོག་མཐའ་དཔག་པར་ནུས། །འདི་ལས་གཞན་དུའང་གསུངས་མོད་དགོངས་པའི་དབང་། །ཀུན་རྫོབ་བདེན་པར་འདོད་པའི་རིགས་པ་རྣམས། ། བདག་གིས་ཕྲ་རྡུལ་ཡིན་ཞེས་སྨྲས་པ་མེད། ། སྡེ་པ་གཉིས་ཀྱི་གྲུབ་མཐའ་གཞིར་བྱས་ལ། ། དབང་པོའི་ཤེས་པས་ཕྲ་རྡུལ་མཐོང་ཞེས་སྨྲས། ། རྣམ་ཤེས་ལྔ་ཡིས་བསགས་ལ་དམིགས་སོ་ཞེས། ། གསུངས་པ་འདི་ལ་འཁྲུལ་ནས་མི་མཁས་པའི། ། སྐྱེ་བོ་དུ་མ་མགྲིན་གཅིག་བྱས་ནས་ནི། ། དབང་པོའི་ཡུལ་ན་ཕྲ་རྡུལ་མེད་དོ་ལོ། ། གཟིགས་ཟན་ལུགས་འདི་འཐད་པར་མ་མཐོང་ནས། ། རྡུལ་གྱི་རགས་པ་བརྩམ་ཚུལ་དབུ་ཚད་དང་། ། ཕྱི་རོལ་དོན་གྲུབ་མངོན་པའི་སྡེ་སྣོད་ནས། ། གསུངས་པ་རྣམས་ཀྱི་དོན་བཞིན་བདག་གིས་སྨྲས། ། དོན་སྨྲ་གཉིས་ཀྱིས་རགས་པ་རྩོམ་པའི་ཚེ། ། རེག་ན་ཕྲ་རྡུལ་ཉམས་པར་གྱུར་མཐོང་ནས། ། བསྐོར་བ་བར་བཅས་བར་མེད་མ་གཏོགས་པ། ། རེག་པ་མེད་པར་འདབ་སྦྱོར་གནས་པར་འདོད། །དེ་ཆེ་ཡན་ལག་ཅན་གཞན་མི་སྐྱེ་ཞིང་། ། གཅིག་ལ་གཅིག་ཐིམ་གྱུར་པའང་མ་ཡིན་ལ། ། ཕྲ་རྡུལ་རང་བཞིན་འདོར་བའང་མ་ཡིན་ཏེ། ། འོན་ཀྱང་རྡུལ་རྣམས་འདུས་པ་ཙམ་དུ་ཟད། ། དེ་ལྟ་ན་ནི་ཕྲ་རྡུལ་དུ་མ་དག ། མངོན་སུམ་མཐོང་ཞིང་ཕྲ་རྡུལ་གཏན་མ་མཐོང་། ། ཞེས་སྨྲ་དེ་ལ་རིག་པའི་གཏམ་གྱིས་ཅི། ། ད་དུང་ཡི་གེའི་ཕྱི་མོ་བསླབ་པར་རིགས། ། དབང་པོའི་ཤེས་པས་ཕྲ་རྡུལ་སིལ་བུ་དག ། མཐོང་མོད་རྗེས་ཀྱི་ངེས་པས་རགས་པར་བཟུང་། ། དུས་མཐའི་སྐད་ཅིག་བཟུང་ཡང་དཔྱད་ཤེས་ཀྱིས། ། དེ་ལ་རྗེས་འགྲོའི་རྒྱུན་རྣམས་ངེས་པ་བཞིན། ། གལ་ཏེ་རྣམ་པ་གཏོད་པའི་ནུས་མེད་པས། ། ཕྲ་རྡུལ་དབང་པོའི་ཡུལ་དུ་མི་རུང་ན། ། རྣམ་པ་མ་གཏད་ཅེས་པ་བརྟག་པར་བྱ། ། ཤེས་ལ་སྣང་བའི་རྣམ་པ་རྡུལ་ཕྲན་བཞིན། ། སིལ་བུ་ཉིད་དུ་མི་སྣང་ཞེས་སྨྲ་ན། ། སོ་སོའི་དུས་མཐའི་སྐད་ཅིག་རེ་རེ་ཡང་། ། རང་འདྲའི་རྣམ་པ་གཏད་པ་མེད་འགྱུར་བས། ། དབང་པོའི་ཡུལ་དུ་སྨྲ་བ་ངལ་སོས་ཤིག ། རིགས་པ་མཁྱེན་པ་ཁྱེད་ལ་འདི་ལྟ་བུའི། ། ལོག་རྟོག་ཕལ་ཆེར་མེད་པར་ཁོ་བོ་སེམས། ། ཕྲ་བའི་གནས་ལ་དཔྱད་པ་མ་རྫོགས་པའི། ། བློ་གྲོས་གཞོན་ནུ་འགའ་ཞིག་འདོད་པ་མཐོང་། ། དེ་ཕྱིར་འདིར་ནི་རང་འདོད་ཟུར་ཙམ་བསྟན། ། འདི་ལ་བརྟེན་ནས་སླར་ཡང་འདོད་པ་རྣམས། ། ཡོངས་སུ་རྫོགས་པའི་རབ་ཏུ་བྱེད་པ་ཞིག ། གྲུབ་པར་བགྱིས་ནས་གཟིགས་སུ་འབུལ་བ་ལགས། ། ཚུལ་འདི་མང་ཐོས་བློ་བཟང་གྲགས་པ་ཡིས། ། ཆོས་འཁོར་ཆེན་པོ་དཔལ་གྱི་ལྷ་ས་རུ། ། མཁས་པ་ཆེན་པོ་གཞོན་ནུ་བློ་ལྡན་གྱི། ། གསུང་གིས་བྲིས་པའི་ལན་དུ་སྦྱར་བ་ཡིན། །སརྦ་མངྒ་ལཾ།། །།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་ངེད་ཙོང་ཆུའི་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2010 Tsongchu.coM All rights reserved. Powered by: Tibetitw.coM
E-mail:[email protected]  QQ:1239685970 QQ:32460212  MSN:[email protected]